Thursday, 20 February 2014

འཛམ་གླིང་ཕ་སྐད་ཉིན་མོ།

  • ཕྱི་ཟླ་ ༢ ཚེས་ ༢༡ སྟེ། དེ་རིང་ནི་རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་ཡིན། དུས་ཚོད་དེ་ནི་ཕྱི་ལོ་ ༡༩༩༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་དུ་གཏན་འབེབས་བྱས་ཤིང་། དགོས་པ་ནི། འཛམ་གླིང་གི་མི་རིགས་འདྲ་མིན་གྱི་མིག་སྔའི་ཕ་སྐད་རིག་གནས་ཀྱི་གནས་བབ་དག་མི་རིགས་ཕན་ཚུན་བར་ཤེས་སུ་འཇུག་པ་དང་། དེ་བཞིན་མི་རིགས་རང་རང་གི་སྐད་ཡིག་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་སྒོས་གོང་འཕེལ་གཏོང་བའི་ཆེད་དུ་ཡིན། ཕྱི་ལོ་ ༢༠༠༩ ལོར་བསྡོམས་རྩིས་བྱས་པ་ལྟར་ན་མིའི་རིགས་ལ་སྐད་རིགས་ ༧༠༠༠ ལྷག་ཡོད་པ་ལས་ ༢༥༠༠ ཙམ་ཤུལ་མེད་དུ་འགྲོ་ལ་ཉེ་བར་བཤད་ཡོད།


  • དེས་ན་ང་ཚོ་ནི་བོད་རིགས་ཡིན་པས་བོད་ཀྱི་སྐད་ཡིག་གི་གནས་བབ་ངེས་པར་ཤེས་དགོས། དེ་ཡང་རང་རེའི་སྐད་ཡིག་ནི་དེང་སང་འཛམ་གླིང་སྟེང་མི་གྲངས་ས་ཡ་གཅིག་ཡན་གྱིས་བཀོལ་གྱིན་པའི་སྐད་རིགས་ ༢༦༩ ནང་གི་གཅིག་ཡིན་པར་བཤད་ལ། འཛམ་གླིང་འདིར་ (Microsoft) ཨ་རིའི་སྙི་ཕྲན་ནང་དུ་ཚུད་ཡོད་པའི་ཡིག་རིགས་ ༥༠ ལྷག་ལས་མེད་པའི་ནང་ནའང་བོད་ཡིག་ཚུད་ཡོད་པ་རྩིས་འཕྲུལ་རབ་གསལ་སྔ་ཕྱི་དག་ལས་(windows vista/windows 7/windows 8)རབ་གསལ་ཝི་སི་ཐྲ་དང་། རབ་གསལ་བདུན་པ། རབ་གསལ་བརྒྱད་པ་བཅས་སུ་ཡིག་རིགས་དེ་ཙམ་གྱི་ནང་ཧི་མ་ལ་ཡཱ་བོད་ཡིག་རང་ཆས་སུ་ཡོད་པས་ཤེས། དེ་ལྟར་བོད་ཡིག་གི་གོ་ཐོབ་ཤེས་པའི་སྟེང་སྔར་ཡོད་བོད་ཀྱི་ཐ་སྙད་ཕུན་སུམ་ཚོགས་པོ་དེ་དག་རྒྱུན་སྐྱོང་སྒོས་དེང་རབས་བོད་ཀྱི་སྐད་ཆའི་མ་ལག་ཆ་ཚང་བ་ཞིག་གྲུབ་མིན་དེ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ལྟ་བུ་གཞིར་བཟུང་བའི་ཐ་སྙད་གསར་པ་དག་འཚོ་བ་དངོས་ཀྱི་ཁྲོད་བཀོལ་སྤྱོད་བྱས་ཏེ། བོད་སྐད་ཡིག་གཙང་མ་ཞིག་བཀོལ་བའི་དུས་ཆེན་ནམ་ཉིན་མོ་ནི་ཉིན་གཅིག་མིན་པར་མི་ཚེ་གང་ལ་རོལ་བའི་དམ་བཅའ་བརྟན་པོ་ཡོད་དགོས། དེ་ལྟར་བྱས་ན་རང་ཉིད་བོད་མི་ཚད་ལྡན་ཞིག་དང་། རང་གི་ཡི་གེ་དེ་བོད་ཡིག་ཚད་ལྡན་ཞིག སྐད་ཆ་དེ་བོད་སྐད་ཚད་ལྡན་ཞིག་ཏུ་འགྱུར་བ་མ་ཟད། ད་གཟོད་ཁྱོད་རང་ལ་ལོ་ཙ་བ་ཚད་ལྡན་ཞིག་བྱེད་པའི་རྨང་གཞིའང་ཚང་བ་ཡིན། དེ་མིན་སྐད་ཡིག་གང་ཡང་མི་འཁྱོངས་བཞིན་གང་ཡང་བཤད་པར་མོས་པ་ནི་རང་ལྟ་མེད་པའི་རླུང་ནང་གི་བྱ་སྒྲོ་བཞིན་དུ་འགྱུར་བ་སྟེ། རང་ཉིད་མི་རིགས་ཤིག་གི་གྲལ་དུའང་ཚུད་པར་དཀའ་ན། ཕ་སྐད་རྒྱུན་འཛིན་པ་ཞིག་ནི་དེ་བས་ཀྱང་དཀའ་བར་སེམས་སོ། ། 
<<<<༢༠༡༣/༢/༢༡ ལ་གངས་ཆབ་ཀྱིས་སྤེལ།>>>>

No comments:

འཚོལ་ཞིབ།