Saturday, 6 September 2014

གཡག་རྔ་ལྟ་བུའི་ཧི་མ་ལ་ཡ།


༡༽
དེ་ཡང་ཧི་མ་ལ་ཡ་ནི་མཐོ་སྒང་གི་རི་སུལ་དག་ཏུ་འཚོ་བའི་མི་རིགས་ཤིག་ལ་ཟེར་ཞིང་། གཡག་ནི་རང་ཅག་གི་འཚོ་ཐབས་ཀྱི་ཆ་ཤས་སུ་གྱུར་མྱོང་བའི་སྒོ་ཟོག་ཅིག་གི་མིང་ཡིན།རྔ་མ་ནི་དེའི་གཟུགས་པོའི་སྨད་ཀྱི་ཆ་འཕོང་ཚོས་ངོས་སུ་འཇར་ཡོད་པས།སྐབས་རེར་དེ་ལ་གཡག་གི་མཇུག་མ་ཞེས་འབོད་དུས་ཀྱང་ཡོད་པ་དེ་ལ་རྔ་མ་ཞེས་གྲགས།
དེ་རིང་ངས་འདིར་རྔ་མ་དང་མི་རིགས་ཤིག་ཕན་ཚུལ་འདྲ་བར་བཤད་འདོད།རེད་དེ།རྔ་མ་ནི་དུད་འགྲོ་ཞིག་གི་ལུས་ཀྱི་ཆ་ཤས་རེད།མི་ནི་དུད་འགྲོ་ལས་ཀྱང་ལྷག་པའི་རྣམ་རིག་ཕུལ་བྱུང་གི་སྐྱེས་བུ་ཞིག་ཡིན།དེ་ལྟར་ན་རྔ་མ་དང་མི་གཉིས་བར་ལ་གནམ་དང་ས་ལྟ་བུའི་བར་ཁྱད་ཆེན་པོ་ཡོད་པས།ཕན་ཚུན་མཚུངས་ཆོས་སུ་ནམ་ཡང་འགྲུབ་ཐབས་མེད་པ་རྒྱུ་མཚན་དུ་བྱས་ནས།ཡི་གེ་འདི་ཀློག་པ་པོས་སྐད་ཆའི་མགོ་བརྗོད་མཐོང་བ་དང་ཤོག་ངོས་འདི་བརྒལ་ནས་མཆོང་བ་དང་ལྡིང་སྲིད་ཀྱང་།རྒན་པོའི་ཁ་དཔེར།གནས་ལུགས་ཡོད་ན་བྱིས་པའི་གཏམ་ཀྱང་ཉོན།རྒྱུ་མཚན་མེད་ན་མཁས་པའི་ངག་ཀྱང་སྐྱུངས་ཟེར་བ་ལྟར། སྐབས་འདིར་སྐད་ཆའི་བང་རིམ་ཁྲོད་དུ་བཅུད་ལེན་སྙིགས་དོར་གྱི་གནད་རེ་ཡོད་མེད་གཟིགས་རྒྱུ་ནི་ཀློག་པོ་པོའི་འོས་འགན་ཡིན་པའང་བརྗེད་མི་རུང་བ་ཡིན་ནོ།།

༢༽
དེ་ནས་ངས་ཧི་མ་ལ་ཡ་ཟེར་བ་ཐོག་མ་ཤེས་སྟངས་ཀྱི་ཐད་ནས་བཤད་ན།ང་ནི་ཕ་ཡུལ་སྦྲ་ནག་གི་འབྲོག་ཁྱིམ་ཞིག་ཏུ་འཚར་ཞིང་། ནར་སོན་རྗེས་འབྲོག་ཁུལ་གྱི་སློབ་ཆུང་འདོན་ཞོར་ཆེ་རུ་གྱུར།རིམ་གྱིས་ཨ་མ་དང་ཨ་ཞང་སོགས་ཀྱིས་མེས་པོའི་མཁར་རྫོང་གི་གཏམ་བརྒྱུད་མང་དུ་བཤད་པའི་གོ་རྟོགས་ཅུང་སད་པའི་རྗེས་སུ།ཕ་ཡུལ་ནས་རྒྱལ་ཁབ་གཞན་དང་གཞན་གྱི་གནས་སྟངས་མཐོང་དཀའ་བའི་མཐོ་སྒང་དེ་ནས་རང་དབང་གི་འོད་སྣང་ཞིག་འཚོལ་བའི་རྨི་ལམ་ནི་ནམ་ཡང་སེམས་ནས་འཇགས་མ་མྱོང་བའི་མི་ཞིག་ཏུ་གྱུར་བ་དང་།གངས་རི་རྭ་བས་སྐོར་བའི་བོད་དང་ཧི་མ་ལ་ཡའི་གནས་ལ་བསམ་གཞིག་གི་དབུ་ཁྱུད་ཐོག་མར་བྲིས་ཤིང་།རྒྱ་ནག་པ་རྣམས་ཀྱིས་གངས་རི་དང་རྫ་རི་སོགས་བོད་ཀྱི་ས་ཆ་དག་མཐོང་དུས་ཡིག་འབྲུ་དང་པོ་ཧི་མེད་པའི་ཤི་མ་ལ་ཡ་ཟེར་བ་ཞིག་འབོད་ཀྱིན་པ་ཐོས་པས།འདི་ནི་ཧི་མ་ལ་ཡ་དང་དོན་གཅིག་ཡིན་པ་ཤེས།རྒྱ་ནག་པ་རྣམས་ཀྱིས་གཞན་སྐད་གང་ཞིག་བཤད་ཀྱང་མང་ཆེ་བའི་སྒྲ་གདང་ལྡབ་ལྡིབ་ཅིག་མ་གཏོགས་མི་བཤད་པ་ལ་བསམ་ན།ཧི་དེ་ཤི་ལ་འགྱུར་སོང་བ་དང་ཧི་མ་ལ་ཡ་ཟེར་བ་ལ་ཤི་མ་ལ་ཡ་ཞེས་འབོད་བཞིན་ཡོད་པ་ཤེས་བྱུང་ལ།འདི་ནི་ཀློག་པོ་ཁྱེད་ལ་ཁོ་བོའི་ཧི་མ་ལ་ཡ་ཞེས་པའི་བརྡ་ཆད་ལྕི་མོ་འདི་སེམས་སུ་འཇགས་པའི་ཉི་མ་དང་པོ་དེ་ཡིན་པ་བཤད་ཆོག་ལ། ད་དུང་མགོ་བརྗོད་དང་འབྲེལ་བའི་ངོ་སྤྲོད་བསྡུས་ཙམ་ཞུས་པའང་ཡིན་ནོ།།
༣༽
དེ་རིང་ང་ནི་བོད་དང་ཧི་མ་ལ་ཡའི་ཕ་རོལ་སྟེ་ཕྱི་ཡུལ་དུ་ཡོད།འོན་ཀྱང་བདག་ས་ཕྱོགས་གང་དུ་སོང་ཡང་བོད་དང་ཧི་མ་ལ་ཡ་རྣམས་མཉམ་དུ་ཡོད་པའི་སྤྱི་ཚོགས་ནི་ཤིན་ཏུ་མང་ལ།འདི་ནི་མི་རིགས་འདིའི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་དང་ལྟོས་གྲུབ་ཀྱིས་ཕན་ཚུན་འཐུད་པ་དང་མཉམ་གནས་བྱས་པ་ཞིག་རེད་སྙམ།དེའི་དབང་གིས་ཧི་མ་ལ་ཡ་སུ་ཞིག་བོད་མི་བཙན་བྱོལ་བའི་ཤེས་ཡོན་གྱི་ཁོར་ཡུག་གང་མང་ཞིག་ཏུ་ཕ་ཁྱིམ་ནང་བུ་འཛུལ་གྱི་དཔེ་ལྟར་གནས་ཡོད་ཅིང་།འདི་ནི་ང་ཚོའི་ལས་དབང་དང་གོམས་གཤིས།ཆོས་ལུགས་དང་རིག་གཞུང་།ལོ་རྒྱུས་དང་ཁ་ཕྱོགས་སོགས་རིགས་ཞེན་གཅིག་པ་མང་པོ་ཞིག་གིས་མཉམ་གཅིག་དུ་སྦྲེལ་ནས་ཡོད་པ་ལས།དེ་དག་གཅིག་གིས་བཙན་གྱིས་ཁྲིད་ཡོང་སྟེ།རང་ཉིད་དང་འབྲེལ་བ་མེད་པའི་སྤྱི་ཚོགས་ཤིག་གི་གྲལ་དུ་བཙན་བརྫངས་བྱས་བཞག་པ་ལྟ་བུའི་གནད་དོན་ནི་གཏན་ནས་མེད།དེ་ལྟའི་བརྒྱུད་རིམ་ཁྲོད་མདོར་བསྡུས་ན་ད་སྐབས་ང་ཧི་མ་ལ་ཡ་དག་དང་དངོས་སུ་འབྲེལ་འདྲེས་ཀྱི་འགོ་ཚུགས་སོང་བ་རེད།ད་དུང་ཚིག་ཉུང་ངུ་ཞིག་གིས་ང་ཚོའི་ལས་འགན་ཕྱོགས་ལ་ལྟ་ཚུལ་འདི་འདྲ་ཞིག་ཡོད།ང་ཚོ་དུས་ཀྱི་འགྱུར་འགྲོས་ཁྲོད་སྟེས་དབང་གིས་ཕན་ཚུན་ཁ་གྱེས་པ་དང་།རྒྱལ་མཚམས་དང་མི་རིགས་སུ་ཞིག་གིས་དབང་དུ་བསྡུས་སོང་ཡང་།ཕ་མེས་ཀྱི་ཆོས་དང་རིག་གཞུང་སོགས་རང་གི་གཅེས་ནོར་རྣམས།མི་རིགས་སྟོབས་ཆེན་འདི་དག་གི་ཧམ་སེམས་འོག་ཏུ་གང་འདོད་ཀྱིས་བསྡུ་གསོག་བརྒྱག་ཏུ་མི་འཇུག་རྒྱུ་ནི།རང་རེ་མཐོ་སྒང་བ་ཐུན་མོང་གི་ལས་འགན་དུ་རྩི་དགོས། དེའི་ཐད་རང་རེ་གྲངས་ཉུང་མི་རིགས་ནང་ཁུལ་རྩོད་ཉོག་སློང་བ་ལས། མི་རིགས་སྟོབས་ཆེན་ཚོའི་ཁ་གཏད་དུ་ལངས་ནས། སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ཐོབ་ཐང་རྩོད་ལེན་བྱེད་དགོས་པ་མ་གཏོགས། ང་ཚོའི་སྤྱི་ཚོགས་ཆུང་ཆུང་དག་གི་ནང་ཚུར་བཙན་གྱིས་འཚང་ཡོང་སྟེ་ནང་ཁུལ་དུ་རང་ལྟ་མཆོག་འཛིན་དང་། ཕྲག་དོག་འགྲན་སེམས་ཀྱི་རྒྱུན་མི་ཆད་པར། གྲངས་ཉུང་མི་རིགས་གཅིག་གིས་གཅིག་འབུར་འཇོམས་བྱེད་ཐབས་ལ་འབད་པ་སོགས་ནི་རྗེས་ལུས་ཅན་གྱི་མིའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་ཤེས་པར་བྱས་ཏེ་མདུན་སྐྱོད་བྱེད་དགོས།
༤༽
ཡང་འདི་ནས་ཅིས་ཀྱང་ཤེས་དགོས་པ་ཞིག་ལ།ངས་ཧི་མ་ལ་ཡ་རང་གི་ངོ་བོ་དང་།གྲུབ་ཆ།ལོ་རྒྱུས་ཀྱི་བརྒྱུད་རིམ་བཅས་ལ་ཕྱིར་མིག་ཅིག་བལྟས་ནས་མི་སྒེར་གྱི་སྐད་ཆ་བཤད་པ་ཡིན།དེའི་ཐད་ང་ལྟ་བུ་བླུན་པོ་ཞིག་གཞན་རྗེས་སུ་གཡམ་རྒྱུགས་བྱས་ཏེ་ཧམ་བཤད་བྱས་པ་ལྟ་བུ་མིན།དེ་ལ་རང་རེའི་མཁས་བླུན་སུ་གིས་ཞིབ་བཤེར་ཡང་དག་པ་བྱས་ན།གནའ་དུས་སུ་རང་ཅག་རྣམས་ས་ཁོངས་གཅིག་གི་མི་ཡིན་པ་དང་།ད་ལྟའི་སྐབས་སུ་སིལ་བུར་འཐོར་བ་དང་།འཛམ་གླིང་གང་སར་ཆོས་དང་རིག་གཞུང་གི་སྦྲེལ་ནས་ཡོད།ང་ཚོའི་བདེ་སྡུག་གཅིག་པ་ཡིན་པ་ནི།མེས་པོ་གོང་མ་མང་པོ་ཞིག་གིས་གཏན་ལ་ཕབ་ཟིན་པའི་ལོ་རྒྱུས་ཀྱི་དེབ་ཐེར་དང་།རྒན་པོའི་སྙིང་གཏམ་སོགས་ལས་དེང་སང་ཡང་སྐབས་སྐབས་སུ་ཐོས་རྒྱུ་ཡོད་པ་བཅས་ལ་བསམ་ན།འདི་ནི་གནའ་དུས་སུ་ཚོང་ལས་དཔལ་འབྱོར་དང་།རྒྱལ་མཚམས་དང་ཁྱིམ་མཚེས་ཕན་ཚུན་དགོས་དབང་གིས་གནའ་གྲོགས་ཙམ་མིན་པར།མི་རིགས་རང་བཞིན་ཅན།ཆོས་ལུགས་རང་བཞིན་ཅན།རིག་གཞུང་དང་གོམ་གཤིས་རང་བཞིན་ཅན་བཅས་ཀྱིས་སྦྲེལ་ཐག་ཤིན་ཏུ་རིང་པོས་ཕན་ཚུན་སྦྲེལ་ཡོད་པ་མ་ཟད།མི་རིགས་ཀྱི་འདུ་ཤེས་ཅི་ཙམ་ཟབ་པའི་ཚོད་ཀྱིས་རང་རེ་རྣམས་ཕན་ཚུན་མཉམ་གནས་དང་རྡོག་རྩ་གཅིག་ཏུ་སྒྲིལ་ནས་སྡོད་དགོས་པའི་གནད་དོན་ཤིན་ཏུ་མང་པོ་ཡོད།
དེའི་དབང་གིས་འདིར་ངས་རྒྱ་ནག་པ་ལྟ་བུ་ཞིག་ལ་བོད་ཀྱི་ཆོས་དང་རིག་གཞུང་སྦྱོངས།འདི་ཁྱེད་དང་འབྲེལ་བ་དམ་ཟབ་ཡོད་ལུགས་སོགས་ཀྱི་གཞི་མེད་པའི་འགྲེལ་ལོག་ཅིག་རྒྱག་བཞིན་མེད།གལ་སྲིད་ཧི་མ་ཡ་ལ་ཞིག་གིས་རང་ཉིད་ཕ་མེས་ནས་ལོ་རྒྱུས་བརྒྱུད་རིམ་འདི་དང་འདི་ནས། མི་རབས་འདི་དང་འདི་ཙམ་ནས་བོད་མི་རིགས་དང་།བོད་ཀྱི་ཆོས་དང་རིག་གཞུང་གང་ཐད་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ལྟ་ཚུལ་འཛིན་མཁན་ཞིག་ཡོད་དམ།དེ་འདྲའི་ལྟ་ཚུལ་འཛིན་མཁན་ཞིག་ཡོད་ན་དེ་ནི་ཕལ་ཆེར་ཧི་མ་ལའི་རིགས་ཤིག་ཡིན་དང་མིན།ཡང་ན་གཞན་གྱིས་ཀླད་པ་གཙང་སེལ་བྱས་ཏེ་།རང་ངོ་མི་ཤེས་པའི་མི་ཞིག་ཏུ་གྱུར་སོང་བ་རེད་དམ།ཡང་ན་ང་ཚོ་གནད་དོན་འདེའི་ཐད་མི་རིགས་རང་བཞིན་བརྗོད་པའི་གུ་ཡངས་སྒམ་དཀྱེལ་གྱི་འདུ་ཤེས་ཕྲ་བ་དང་།བསམ་བློའི་ནུས་པའི་སྤྱི་སེམས་དོར་ནས་སྒེར་ཕན་ཁེ་བཟང་ཅན་གྱི་ལམ་བུ་ཁོ་ནར་གཡེང་བ་དང་།མིའི་རིགས་ཀྱི་ལོ་རྒྱུས་དང་གནས་སྟངས་ཁག་ལ་དཔྱད་ཞིབ་ཀྱི་བརྒྱུད་རིམ་སྔོན་དུ་མ་སོང་བར་ཧོལ་རྒྱུག་བྱས་ཏེ་བསམ་བློ་རྗེས་ལུས་ཅན་འདིས་ནོར་སོང་ཡིན་མིན་བཅས་ནི་དོགས་གཞི་ཆེ་ཤོས་སུ་གྱུར་ཡོད་དེ།ཤར་པའི་ཚིག་མཛོད་ནང་དུ།སློབ་དཔོན་འགྱུར་མེད་ཆོས་གྲགས་ཀྱིས།ད་ལྟའི་མཁས་དབང་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་རྣམས་ནི་ཆོས་སྲིད་ཀྱི་བྱ་བས་བྲེལ།ཕྱི་རབས་ཀྱི་གཞོན་སྐྱེས་རྣམས་ནི་སྐད་རིགས་གཞན་དང་གཞན་གྱི་ལད་ཟློས་བྱེད་པ་ཙམ་ལས།རང་གི་སྐད་ཡིག་དང་རིག་གཞུང་ལ་རྟོག་ཞིབ་བྱེད་པའང་ཉིན་མོའི་སྐར་མ་ཙམ་དུ་ཐལ་འདུག་གསུངས་པ་འདིས་ཀྱང་།ཧི་མ་ལའི་མི་རིགས་རང་གི་དོན་དུ་མཁས་པ་གཞན་དང་མི་རིགས་འགན་ཁུར་བ་གང་མང་ཞིག་དེང་སང་ཧི་མ་ལའི་གཞོན་རབས་རང་ཉིད་མི་མཐོང་བ་དག་གི་དོན་དུ་ཅི་བྱ་གཏོལ་མེད་དུ་གྱུར་ནས་ལུས་ཡོད་པ་མཚོན་ཡོད་པས། དེའི་ཐད་ལ་ཧི་མ་ལའི་གཞོན་སྐྱེས་རྣམས་ཀྱིས་ཅིས་ཀྱང་གཟབ་གཟབ་དགོས་ངེས་རེད་འདོད་དོ།།
༥༽
ཧི་མ་ལ་ཡ་རྣམས་ཀྱིས་མཐོ་སྒང་གི་ཆོས་དང་རིག་གཞུང་མི་ཉམས་བརྒྱུད་འཛིན་དང་།ཉམས་པ་སླར་གསོ་སོགས་ལ་འབད་དགོས་ཤིང་།འདི་ང་ཚོ་ཐུན་མོང་གི་རང་འགན་ཡིན་པ་ཤེས་དགོས།འདི་ནི་ང་ཚོའི་སྟབས་དང་བསྟུན་ནས་སྦྱོང་འདོད་ན་སྦྱོང་།སྦྱོང་བའི་གོ་སྐབས་སོགས་ལ་དཀའ་ངལ་ཕྲན་བུ་འཕྲད་པ་དང་སྣང་མེད་གཏོང་རུང་བ་ཞིག་གཏན་ནས་མིན།དེ་ལ་སྒེར་གྱི་ཁེ་ཕན་ཁོ་ནའི་ལྟ་ཚུལ་འཛིན་མཁན་ཡོད་ན།སྐབས་དེར་ཅིས་ཀྱང་ངོ་ཤེས་དགོས་པ་ཞིག་ལ།དེ་ནི་མི་རིགས་སྟོབས་ཆེན་རྣམས་ཀྱིས་རང་ཉིད་ལ་སྤྲད་པའི་ཤུགས་རྐྱེན་གཞན་ཞིག་ཐེབས་ཟིན་པ་ཤེས་སུ་འཇུག་དགོས་པ་ཡིན། དཔེར་ན།རྒྱ་ནག་པས་བོད་སོགས་གྲངས་ཉུང་མི་རིགས་རྣམས་དབང་དུ་བསྡུས་ཏེ་ཁོང་ཚོའི་མི་དང་སྐད་ཡིག་རྒྱ་བསྐྱེད་གཏོང་ཞིང་ཁོང་ཚོ་ལ་གཟི་མདངས་རྒྱས་སུ་འཇུག་གི་ཡོད་པ་དང་།ནུབ་ཕྱོགས་པ་རྣམས་ཀྱིས་ཚན་རྩལ་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་སྐད་ཡིག་དར་ཁྱབ་དང་།དེ་དང་མཉམ་དུ་ཡེ་ཤུ་ཆོས་ལུགས་དར་སྤེལ་གཏོང་བ་ལྟ་བུ།དེ་བཞིན་དུ་རྒྱལ་ཁབ་དང་མི་རིགས་སྟོབས་ཆེན་མང་པོ་ཞིག་གིས་བྱེད་སྟངས་དེ་དངོས་ཤུགས་བརྒྱུད་གསུམ་ནས་ཉ་དང་ཉུང་བསྲེས་ཏེ་རང་རེ་གྲངས་ཉུང་མི་རིགས་ཀྱི་མགོ་ལ་དབང་བསྐུར་བཞིན་ཡོད་ལ། དེ་ནི་ཆབ་སྲིད་ནག་པོ་འཁྲབས་མཁན་དག་གི་སྤྱི་ལུགས་ལྟ་བུ་ཆགས་ཡོད་པ་ཡིན།འོན་ཀྱང་བོད་དང་ཧི་མ་ལ་ཡའི་བར་དུ་ངན་ཇུས་འདིའི་བརྒྱུད་རིམ་དག་དང་གཏན་ནས་འབྲེལ་བ་མེད་པར་ཤེས་དགོས།གལ་སྲིད་འབྲེལ་བ་འདུག་བསམ་པ་ཁྱེད་ཀྱི་ཀླད་པའི་ནང་འཛུལ་ཟིན་ན།ད་གཟོད་ཁྱེད་རང་མི་རིགས་སྟོབས་ཆེན་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་བསླུས་ཟིན་པ་ཤེས་དགོས་པ་ལས།ང་ཚོའི་བར་དུ་འདི་འདྲའི་འབྲེལ་བ་མེད་པ་ཡབ་མེས་གོང་མའི་ཡིག་ཚང་དང་ལོ་རྒྱུས་སོགས་མེས་པོ་གོང་མ་རྣམས་ཀྱི་ཁ་ཕྱོགས་དག་ལ་ཞིབ་དཔྱོད་བྱས་ན་ཤིན་ཏུ་གསལ་ཞིང་ཤེས་པར་འགྱུར་རོ།།
༦༽
ད་དུང་ང་ཚོ་གནས་ལུགས་ལ་མགོ་བོ་མི་རྨོངས་བར་ཤེས་དགོས་པ་ནི།མཐོ་སྒང་གི་མི་རིགས་ཡོངས་རྫོགས་ཀྱི་ཆོས་དང་རིག་གཞུང་ཕན་ཚུན་ཆུང་ས་ནས་ལུང་པའི་ལུགས་སྲོལ་གོམས་གཤིས་དང་།ཆུང་ས་ནས་གནའ་མི་རྣམས་ཀྱི་སྒྲུང་གཏམ་བཤད་སྟངས་ཚུན་ཆད་ནས་ཐག་ཧ་ཅང་ཉེ་པོ་ཡོད།དེ་ནི་བདེན་ཐོག་དྲང་བཞག་བྱས་ཏེ་སྤོམ་མདོག་དང་སྒམ་མདོག་གིས་བསམ་བློ་རྗེས་ལུས་ཅན་གུ་དོག་བྱས་ནས་མི་འདུག་པར། ཐད་གར་རྒྱུ་མཚན་ཤེས་པའི་ཐོག་ནས་སྨྲ་ཐུབ་དགོས་ལ།དེའི་ཐད་ལ་གོ་རྟོགས་སྤེལ་རེས་དང་དཔྱད་བརྗོད་འབྲི་བ་སོགས་ལ་དམིགས་བསལ་དོ་སྣང་བྱེད་དགོས།ཕ་མེས་ཀྱི་ཆོས་དང་རིག་གཞུང་ལ་ཤ་ཚ་བ་དང་།རིགས་ཞེན་ཡོད་པ་དེའི་ཚོད་ཀྱིས་ཕ་མེས་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་པ་ནི་རང་རང་གི་འགན་འཁྲི་ཡིན་པ་ཡང་དེ་བས་ཤེས་དགོས།ཧི་མ་ལའི་ཡུལ་ལུང་གང་སར་བོད་སྐད་དང་ཕྱོགས་མཚུངས་འདྲ་བའི་ལུང་སྐད་ཧ་ཅང་མང་པོ་ཞིག་ཡོད་པས།དེང་སང་ཧི་མ་ལའི་རིགས་ཀྱིས་དེ་དག་སྣང་མེད་དུ་གཡུགས་པ་དང་།མི་རིགས་སྟོབས་ཆེན་དག་གི་སྐད་བརྡ་ལ་ལད་ཟློས་བྱེད་པ་དང་རང་ཚུགས་མེད་པར་དེའི་རྗེས་སུ་འཇུག་བཞིན་པ་སོགས་ནི་དོན་དུ་ཡིད་སེམས་གཏིང་ནས་ཕངས་དགོས་པ་ཞིག་རེད།འཛམ་གླིང་ནང་ཤེས་ལྡན་པ་མང་པོ་ཞིག་གིས་ཡུལ་ལུང་རེ་རེའི་སྐད་དང་རིག་གཞུང་།འགྲོ་འདུག་སྤྱོད་གསུམ་གྱི་གོམས་གཤིས་ཚུན་ཆད་ཉམས་ཆག་འགྲོ་བར་ཕངས་སེམས་བྱེད་ཅིང་།ཉམས་པ་སླར་གསོའི་དོན་རང་ཉིད་སྤྱིི་ཚོགས་དེར་ཞུགས་ནས་མི་རིགས་དེ་ལ་ཞབས་ཞུ་དང་བྱ་བ་སྒྲུབ་པ་ལྟ་བུ་རེད།དེའི་དཔེ་མཚོན་ཡག་ཤོས་ནི།བོད་ཀྱི་ནང་བསྟན་དཔེ་ཚོགས་གསར་འཛུག་བྱེད་མཁན།ནུབ་ཕྱོགས་པ་སྐུ་ཞབས་ཇིམ་སིམེ་ཐི་(E. Gene Smith)ལྟ་བུ་རེད།ཁོང་གི་སྐུ་ཚེ་ཧྲིལ་པོ་བློས་བཏང་གིས་བོད་བརྒྱུད་ནང་བསྟན་སྐོར་བཀའ་བསྟན་གཞུང་ལུགས་བརྒྱ་ཕྲག་མང་པོ་བསྡུ་སྒྲིག་བྱས་ཏེ་བཤེར་འབེབ་བྱས་ཤིང་། ཡིག་ཆ་ཕལ་ཆེ་བ་དེང་སང་རྩིས་འཕྲུལ་སོགས་བརྡ་འཕྲིན་ཡོ་ཆས་གང་མང་ཞིག་གི་ནང་ཕན་ཚུན་སྤྱོད་བདེ་ཆགས་ཡོད་ལ། དེའི་ཐད་ལ་ཁོང་གི་ལོ་རྒྱུས་དང་བྱུང་རིམ་ལ་གཟིགས་དང་བསམ་ཡུལ་ལས་འདས་པ་ལྟ་བུ་ཡིན། ལས་དོན་དེ་ལ་མཚོན་ན་མི་ཞིག་གིས་བོད་དང་ཧི་མ་ལ་ཡ་རྣམས་ཀྱི་ཆོས་དང་རིག་གཞུང་འདི་གལ་ཆེན་ཡིན་པ་ཙམ་དུ་མ་ཟད།འཛམ་གླིང་གི་ནོར་བུ་ལྟ་བུའི་རིན་ཐང་ཤེས་ནས་དཀའ་བ་སྤྱད་པ་ཞིག་རེད། དེ་ལྟར་བསམ་བློ་ཡག་པོ་བཏང་ན་ང་ཚོའི་དེ་བས་ཀྱང་འབད་པ་བརྒྱ་འགྱུར་བསྐྱེད་དེ་བོད་ཀྱི་ཆོས་དང་རིག་གཞུང་སྦྱོང་བ་དང་འཛིན་དགོས་ལ།དེ་ལ་དོ་སྣང་བྱེད་པ་དེས་ཧི་མ་ལ་ཡ་རྣམས་ཡང་དག་པ་ཞིག་ཏུ་འགྱུར་ཐུབ་ཅིང་།སོ་སོའི་ལུང་པའི་ཡུལ་སྲོལ་གོམས་གཤིས་སོགས་ལ་བླ་ན་མེད་པའི་གཟི་མདངས་རྒྱས་པ་དང་།དེ་མི་ཉམས་པར་སྲ་བརྟན་གྱི་ཐབས་སུ་འགྱུར་པ་ལས།དེ་ལས་ལྡོག་སྟེ་གནོད་པ་ནི་ནམ་ཡང་ཡོང་མི་སྲིད་པ་ཤེས་དགོས་སོ།།
༧༽
ལོ་རབས་དགུ་ཅུ་པའི་འགོ་སྟོད་ཙམ་ནས་རྐྱེན་སྣ་ཚོགས་ཀྱི་དབང་གིས་བོད་མི་མང་པོ་ཕྱི་ཡུལ་དུ་ཡོང་འགོ་ཚུགས་པ་ནས་བཟུང་། རང་རེ་ཧི་མ་ལ་ཡ་རྣམས་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་གནང་མཁན་སྔར་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཞིང་།དེང་སྐབས་སྔར་དང་བསྡུར་ན་ཧི་མ་ལའི་ཡུལ་གྲུ་མང་པོའི་ནང་དུ་རང་གི་ཆོས་དང་རིག་གཞུང་ཡར་བསྐུལ་འཛིན་སྐྱོང་སོགས་ཀྱི་ཐད་རང་རྐང་ཚུགས་པའི་ཚད་དུ་སླེབས་ཡོད་ཀྱང་།དེའི་ཚོད་ཀྱིས་དེང་སྐབས་སྟོབས་ཆེན་མི་རིགས་གཞན་རྣམས་ཟིང་ཆ་ཆེ་རུ་གྱུར་པ་དང་།ཧི་མ་ལའི་རིགས་ཀྱིས་རང་ངོས་ནས་རང་ཕྱོགས་ཀྱི་འདུ་ཤེས་སྒྱིད་ལུག་དང་ལེ་ལོའི་ངང་སྣང་མེད་གཏོང་ཞིང་།བཙན་བྱོལ་ནང་གི་ཕ་ཆོས་སློབ་སའི་སྤྱི་ཚོགས་ནང་ཡོད་པ་རྣམས་ཀྱང་དེར་འཛུལ་ཞུགས་བྱས་ཏེ།རྒྱ་ནག་མི་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་བཞིན་ཡོད་པ་ལྟ་བུའི་འདུ་ཤེས་དེས་རང་གི་འགན་འཁྲི་སྤུས་ཀ་བཟང་དུ་གཏོང་རྒྱུ་ནི་ཤིན་ཏུ་ཉམས་དམས་སུ་གྱུར་ཞིང་།ཕ་མེས་ཆོས་དང་རིག་གཞུང་ཡོད་སའི་བང་མཛོད་ནང་བསྡད་དེ་སེམས་པ་གཞན་རྗེས་སུ་སྙེག་པའི་བསམ་བློ་ཕྱིན་ཅི་ལོག་པ་འདི་ནི་ཅུང་ཟད་ནོར་འདུག་པའི་ལྟ་ཚུལ་རྒྱུན་མི་ཆད་པར་ཡོད།
དེས་ཕྱིར་ང་ཚོ་ནི་མི་ལས་གཞན་པའི་སེམས་ཅན་ཞིག་གི་རྔ་མ་ལྟ་བུ་གྱུར་ཞིང་།ཧི་མ་ལའི་རིགས་ཀྱིས་ཆོས་དང་རིག་གཞུང་འདི་སྦྱོང་བ་ནི་རང་གི་འགན་འཁྲི་ཡིན་པ་ཤེས་དགོས་ནའང་།དེ་ལྟར་ཤེས་མཁན་ཤིན་ཏུ་དཀོན་པོ་ཡིན་སྟབས། དེའི་ཐད་མུ་གུམ་མཁན་པོ་ངག་དབང་བློ་བཟང་མཆོག་གིས་འདྲ་ཞིག་གསུངས་ཡོད། ཆོས་དང་རིག་གཞུང་བདག་པོ་དགོས་པའི་གཏམ་བཤད་ལས།རྒྱལ་ཁབ་མང་པོ་ཞིག་གིས་རང་གི་མི་རིགས་ཀྱི་གནད་དོན་དང་མ་འོངས་པའི་མཇུག་འབྲས་གང་ཡོང་སོགས་སྔོན་ལ་རྟོགས་ནུས་ཤིང་།མི་རིགས་དེ་ཚོའི་རྣམ་དཔྱོད་དང་།རིག་ཤེས་སོགས་གཟུགས་ཀྱི་ཆ་ཤས་སུ་གྲུབ་ནས་མགོ་དང་རྔ་མ་གང་རུང་ལ་འཇར་རྒྱུ་ཡོད་པ་ཞིག་ཡིན་ན།ཁོང་ཚོའི་སྣ་དང་མགོ་དག་ལ་ཡོད་པ་ལྟ་བུ་རེད།དེ་མིན་རང་རེ་བོད་དང་ཧི་མ་ལ་ཡའི་རིགས་ཀྱི་རྣམ་རིག་དང་དཔྱོད་ཤེས་སོགས་ནི་རྔ་མའི་སྒང་ལ་ཡོད་པ་ལྟར།མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་ཐམས་ཅད་ཉམས་ནས་ཆག་སྒོ་དཔེ་མེད་ཅིག་བྱུང་ཟིན་རྗེས་ད་གཟོད་སྔར་གྱི་ནོར་འཁྲུལ་ལ་ཡོ་བསྲང་བྱ་ཐབས་བྱེད་པ་ནི་རྟོག་དཔྱོད་རྔ་མའི་སྒང་ལ་འཇར་ཡོད་པ་དང་གཅིག་པ་རེད་ཅེས་གསུངས་པ་འདིས་ཀྱང་། ང་ཚོ་ནི་སེམས་ཅན་ཞིག་གི་རྔ་མའི་ཕྱོགས་གཏོགས་ཡིན་པ་བསྟན་ཡོད། དེ་ལྟར་བསམ་ན་ངས་ང་ཚོ་གཡག་གི་རྔ་མ་རེད་ཅེས་བཤད་པ་དེ་དོན་ལ་མཐུན་པ་ལྟར་སྣང་ལ།གཞན་ཡང་ངས་འདིར་གཡག་གི་རྔ་མ་ཞེས་བརྗོད་པ་ནི།དུད་འགྲོ་འདི་རང་རེ་མཐོ་སྒང་བའི་མཚོན་དོན་རྩ་ཆེན་ཞིག་ཡིན་པའི་ཆ་ནས་བཤད་པ་ལས།ང་ཚོ་རྔ་མ་ཡིན་ན་གཡག་རང་གི་རྔ་མ་ཡིན་མི་དགོས་མོད།གང་ལྟར་རྔ་མ་ཞིག་གི་གནས་སྟངས་དང་ཤིན་ཏུ་ཐག་ཉེ་བ་ཡོད་མེད་རྟོག་ཞིབ་བྱ་རྒྱུ་ནི་ཅིས་ཀྱང་གལ་ཆེ་བ་ཡིན་ནོ།།
༨༽
སྐབས་འདིར་གཡག་གི་རྔ་མ་ཞེས་བརྗོད་པ་ནི་ཕན་ཚུན་དཔེ་དང་དཔེ་ཅན་གང་དུ་ཡང་འཚམས་པོ་མེད་པ་གོང་ནས་བཤད་ཟིན་ཀྱང་།ཡང་གཅིག་བྱས་ན་གཡག་ནི་ལུས་སྟོབས་ཆེ་ཞིང་དེའི་རྔ་མ་ནི་ལུས་ཀྱི་ཆ་ཤས་སུ་གྲུབ་པའི་ནུས་མེད་ཀྱི་གཡོག་པོ་ཆུང་ཆུང་ཞིག་རེད།གཡག་གི་ལུས་པོ་མེད་ན་རྔ་མས་ནམ་ཡང་རང་རྐང་མི་ཚུགས་པ་མ་ཟད།སྐབས་རེར་རྔ་མ་ནི་སྟོབས་ཆེན་པོ་ལ་དགའ་བའི་རང་ཚུགས་བྲལ་བ་ཞིག་ཡིན་པར་བསམ་ཆོག་ལ།དེའི་དབང་གིས་རྔ་མ་ནི་རྒྱུན་དུ་གཞན་རྗེས་བསྙེགས་ཏེ་རང་གི་མདུན་རྒྱབ་ལ་ལྟ་བའི་དབང་ཚད་མེད་མཁན་གྱི་གཞན་དབང་ཅན་ཞིག་རེད།ང་ཚོ་ཡང་མིའི་ཁྲོད་ནས་དབང་ཚད་ཞན་པའི་རིགས་ཤིག་དང་།གྲངས་ཉུང་མི་རིགས་ནང་ནས་ཕ་ཡུལ་ལ་བསམ་བློ་གཏོང་མི་ཐུབ་མཁན་གྱི་གྲས་ཤིག་ཡིན་སྲིད་པས་ཅིས་ཀྱང་མི་རིགས་འདི་དང་རིག་གཞུང་འདིའི་ཆགས་འཇིག་ལ་རྒྱུ་མཚན་ཤེས་པའི་སྒོ་ནས་ཐུགས་བསམ་བཞེས་དགོས།
ཧི་མ་ལ་ཡ་རྣམས་ཀྱིས་ཐ་ན་ཕ་ཡུལ་ལུང་སྐད་གཅིག་པོ་བདག་པོ་བྱེད་རྒྱུ་ལ་སེམས་ཚོར་ཡོད་དགོས་ཀྱང་།དཔེར་ན་དེང་སང་ཤར་པ་དང་ཤར་པ་འཕྲད་ཀྱང་ཤར་སྐད་མི་བཤད།མུ་གུམ་དང་མུ་གུམ་ཐུག་ཀྱང་རང་གི་ལུང་སྐད་མི་བཤད་པར།གཞན་སྐད་ཁོ་ན་བཤད་ནས་འདུར་བཞིན་པ་འདི་ལས་ཤེས་ཐུབ་པ་ནི།རང་ཚུགས་མེད་པ་དང་།མི་རིགས་ཤིག་ཡུན་རིང་འཚོ་གནས་བྱེད་པའི་སྲོག་རྩ་སྟེ།མེས་པོ་གོང་མའི་ལྟ་བ་དང་གྲུབ་མཐའ་སོགས་ཀྱི་ནུས་པའི་ཟུངས་ཟད་ཟིན་པ་སོགས་གསལ་བཤད་བྱེད་བཞིན་ཡོད།དེ་ལྟར་རང་ཚུགས་དང་བྲལ་བའི་མི་རིགས་ནི།དཔེར་ན།རྒྱ་གར་གྱི་ལོ་རྒྱུས་ཁ་ཤས་ཤིག་གི་ནང་རྒྱལ་པོ་མེད་ན་རྒྱལ་མོས་རྒྱལ་སྲིད་མི་ཟིན་པའི་ཚུལ་དང་།བད་ག་ཅག་གི་སྟོན་པའི་བསྟན་པ་དགེ་སློང་མ་ལ་གཏད་ན་བསྟན་པ་འཛིན་མི་ཐུབ་པ་སོགས་གནས་ལུགས་ཁག་ཅིག་བཤད་རྒྱུ་ཡོད་པ་དང་འདྲ་བར།མཐོ་སྒང་བ་རྣམས་ཀྱིས་ཕ་ཡུལ་ལུང་པའི་ཆོས་དང་རིག་གཞུང་བདག་པོ་བྱེད་འདོད་ན་སྐྱེས་ཕོ་རབ་ཞིག་གི་བློ་སྟོབས་བསྐྱེད་དགོས་པ་ཡིན།ནམ་ཞིག་རང་རེའི་མི་རིགས་དང་རིག་གཞུང་ཡོད་སའི་ས་ཆ་རྣམས་ནི་ཕོ་ཟད་མོ་ལ་ཐུག་པའི་གཏམ་བརྒྱུད་བཞིན་དུ། མི་རྣམས་ལ་རང་གི་མི་རིགས་དང་རིག་གཞུང་བདག་པོ་བྱེད་པའི་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་སྲིད་པ་དང་། མི་རུང་བར་གཞན་གྱིས་མཐོང་ཆུང་དང་།བརྙས་བཅོས་འོག་མི་རིགས་དེའི་ངོ་བོ་དང་སྲོག་རྩ་ཐམས་ཅན་ཉམས་པ་འགྱུར་བ་ལ་ཤིན་ཏུ་ཐག་ཉེ་བཞིན་ཡོད་པ་ཤེས་པར་བྱའོ།།
༩༽
ཡང་འདི་ལྟར། ང་ཚོའི་སྤྱི་ཚོགས་ནང་གི་མི་ཁག་ཅིག་གིས་ཆོས་དང་རིག་གཞུང་འདིའི་རིན་ཐང་དང་དགོས་པ་སོགས་ལ་བསམ་བློས་མི་འདང་བ་དང་ཡང་ན་བསམ་བློ་གང་ཡང་གཏོང་མི་ཤེས་པ་མ་ཟད། མི་གཞི་ཀུན་སྤྱོད་ཧ་ཅང་ཞན་པའི་དབང་གིས་གཞན་ལ་སེམས་ཁུར་མི་ཐུབ་པ་དང་། བཟང་པོ་དང་ངན་པའི་དབྱེ་བ་འབྱེད་མི་ཤེས་པར་ཐམས་ཅད་ལ་ཅི་ཡང་ཧང་སང་རྒྱུ་མེད་ཚུལ་བཤད་ཅིང་། དེ་འདྲའི་མི་དག་གིས་མཐོན་པོ་རྣམས་ལ་གུས་ལུགས་མི་ཤེས། བར་མ་རྣམས་དང་འགྲོག་ལུགས་མི་ཤེས། དམའ་མོ་རྣམས་ཀྱང་བསྐྱོང་སྟངས་མི་ཤེས་པར་གྱུར་བ་མ་ཟད། སློབ་གསོ་ཁ་ཕྱོགས་གང་ཡང་མེད་པར་ཁེ་བཟང་གི་རྗེས་སུ་འགྲོ་སྲིད་པ་ཡིན། དེ་དག་གིས་ང་ཚོ་གཅིག་པ་ཡིན་པའི་ལྟ་ཚུལ་འདྲ་བཟུང་སྟེ། མཐོ་སྒང་གི་ཆོས་དང་རིག་གཞུང་གི་དོན་དུ་སུ་ཞིག་གིས་དཀའ་བ་བརྒྱ་ཕྲག་སྤྱད་དེ་ཚེ་སྲོག་ཅི་ཙམ་འགྲོ་སོང་བཏང་ཡོད་པ་ཡང་སེམས་སུ་འཆར་མི་ཐུབ་པར་ལུས་བཞིན་ཡོད།
དེ་ལ་དཔེར་ན། བོད་མི་རྣམས་ཀྱིས་ཆོས་དང་རིག་གཞུང་འདིའི་ཆེད་མི་རིགས་ཀྱི་ཚེ་སྲོག་ས་ཡ་ལྷག་འགྲོ་སོང་བཏང་ནས།ད་ལྟའི་ཉག་ཕྲ་བའི་གནས་སྟངས་འདི་ལ་ཐུག་དུས་ཀྱང་སེམས་ཤུགས་ཞུམ་མ་མྱོང་བ་ལྟ་བུ་རེད།ད་དུང་སུ་ཞིག་གི་གཉའ་གནོན་དང་།བཙན་དབང་ལ་དཔའ་མ་ཞུམ་པར་རིག་གཞུང་འདི་ལ་གཅེས་སྤྲས་གནང་དང་གནང་བཞིན་པ་ཀུན་གྱིས་ཤེས་གསལ་རེད།ཕྱི་ཡུལ་དུ་ཡོད་པའི་ཧི་མ་ལ་ཡ་དང་ཕྱིས་སུ་འཚར་ལོང་བྱུང་བའི་བཙན་བྱོལ་བའི་གཞོན་རབས་དག་གིས་དཀའ་སྡུག་ཆེར་སྤྱད་མི་དགོས་པར།ཁྱིམ་གཞིས་སྐྱིད་པོ་དག་གི་ནང་དུ་འདུག་ས་གདན་དང་།བསྙབ་ས་སྡེར་ཁ་ཟེར་བ་ལྟར། ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་འབེལ་འབེལ་ལྷུག་ལྷུག་ཡོད་པའི་སློབ་གཉེར་ཁང་ཆེན་པོ་དག་གི་ནང་དུ་བསྡད་དེ།ད་དུང་ཆོས་དང་རིག་གཞུང་འདི་ལ་སློབ་སྦྱོང་བྱེད་ཐུབ་མིན་གྱི་སྐད་ཆ་སྨྲ་བ་དང་། ཁ་ནས་སྐད་ཆ་ཚུན་ཆད་ལྡབ་ལྡིབ་ཅིག་ལ་འགྱུར་བཞིན་པ་མ་ཡིན་ནམ།
དོན་དངོས་སུ་འགན་དེ་རང་དང་མཉམ་དུ་ཁུར་དགོས་པའི་འདང་བསམ་སྙིང་ལ་བཅངས་ནས།ལྷག་བསམ་རྣམ་དག་གིས་དེའི་སྐོར་ལ་སྐད་ཆ་ཡག་པོ་ཞིག་བཤད་མཁན་ནི་མཐོང་དཀོན་པོ་ཡིན་པ་མ་ཟད།བག་འཁུམ་དང་།སྒྱིད་ལུག་ངང་།རང་གི་ཁེ་བཟང་དོན་དུ་གཞན་ལ་ཅི་བྱུང་ཡང་སྣང་མེད་འབའ་ཞིག་གཏོང་གི་ཡོད་པ་འདི་རེད།དེ་ལྟར་བསམ་ན།བོད་དང་ཧི་མ་ལ་ཡ་གཉིས་ཀྱི་རྣམ་དཔྱོད་ཀྱི་ཆ་ནས།བློ་སྤོབས་ཀྱི་ཆ་ནས།འདུ་ཤེས་ཀྱི་ཆ་ནས།རིགས་རུས་ཀྱི་ཆ་ནས།ལུགས་སྲོལ་གྱི་ཆ་ནས།གཟུགས་ཀྱི་གྲུབ་ཆ་སོགས་གང་ཅིའི་ཐད་ནས་ཕན་ཚུན་མཚུངས་དགོས་ས་མང་ན་ཡང་།དེ་ནི་གནའ་དུས་སུ་འདྲ་ན་ཡང་།དེང་སང་ནི་གཏན་ནས་མི་འདྲ་སྟེ།མི་ནི་མར་དང་འདྲ་བའི་ཚོན་གྱིས་བསྒྱུར་སླ་ཞིང་།མི་རིགས་གཞན་ཀྱིས་དབང་བསྒྱུར་འོག་རང་ཚུགས་མེད་པར་ལོ་མང་དུ་ལྷག་རྗེས་མིའི་ལྟ་བ་དང་ཀུན་སྤྱོད་རིམ་གྱིས་གཞན་གྱི་ངོར་འགྱུར་འགྲོ་བའང་ཡོད།
མེས་པོ་གོང་མ་དག་གིས་དཀའ་བ་བརྒྱ་ཕྲག་འབུམ་ཕྲག་སྤྱད་དེ་ཤུལ་བཞག་གི་ནོར་བུ་འདི་དག་བེད་སྤྱོད་མཁན་ད་ལྟའི་བོད་དང་ཧི་མ་ལ་ཡ་སུ་ཡིན་ཡང་།སྐབས་རེར་ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་ན།བཀའ་དྲིན་ལ་བསམ་ཤེས་སྣ་གཅིག་མེད་པར་ཁེ་བཟང་ཁོ་ནས་འབེལ་འབེལ་ལྷུག་ལྷུག་ཏུ་འབྲས་བུ་གཡུར་དུ་ཟ་བ་ཞིག་རང་སྟེང་དུ་ལེན་འདོད་པ་འདི་ཡང་།གཅིག་བྱས་ན་འདི་དག་ནི་ཇི་འདྲའི་ཡ་ང་བ་དང་སྐྱི་གཡའ་བ་ཞིག་མ་རེད་དམ།ཡ་རབས་ཀུན་སྤྱོད་ཀྱི་ཆ་ནས་བསམ་ན།བསམ་ཤེས་ཅི་ཡང་མེད་པར་རང་སྟེང་དུ་འབྲས་བུ་ཅུང་ཟད་རེ་ཐོབ་སྲིད་ཀྱང་།དེ་ལ་རྗེས་སུ་རྣར་སྨིན་ཀྱང་ཅི་འདྲ་ཞིག་སྨིན་རྒྱུ་ཡོད་དམ།འདི་དག་ནི་རང་དབང་ལུང་པའི་ནང་ཡོད་པའི་རང་གཞན་ཚང་མས་བསམ་གཞིག་ནན་མོ་དགོས་སའི་གནས་དག་རེད་སྙམ་མོ།།
༡༠༽
དེའི་ཐད་ལ་དཔེར་ན་བོད་ནང་དུ་བོད་མི་ཞིག་གིས་ཆོས་དང་རིག་གཞུང་།མི་རིགས་ཀྱི་ཐོབ་ཐང་ཆེད་དུ་ཅིག་བྱས་ཡོད་ན།ཕྱི་ཡུལ་དུ་ཡོད་པའི་མི་ཁག་ཅིག་གིས་དེ་ལག་ཆ་བྱས་ནས་སྔར་གྱི་ཀླད་པ་མཁྲེགས་བཟུང་གི་ལམ་ལུགས་དེ་ལས་ཡོལ་མི་ཐུབ་པར་ཆོས་བརྒྱུད་རྒྱ་བསྐྱེད་དང་།ཆོལ་ཁོངས་རྒྱ་བསྐྱེད།ལུང་ཚན་རྒྱ་བསྐྱེད་ལྟ་བུ་དམིགས་ཡུལ་ལོག་པ་ཞིག་བཟུང་སྟེ་ཁ་ནས་མི་སྨྲ་ཡང་ཁོག་ནས་དེ་ལྟར་འབད་བཞིན་ཡོད། དེ་དག་གིས་ཕྱོགས་སུ་ལྷུང་བའི་ལས་ཀ་ཁོ་ན་བྱེད། མཐར་རང་གི་ནང་མི་དང་བུ་ཕྲུག་དོན་དུ་སྤྱི་པའི་འདུག་སྟེགས་སོགས་སྙེག་བཞིན་ཡོད་པས།བྱ་སྤྱོད་འདི་དག་ནི་ལས་རྒྱུ་འབྲས་མེད་པ་དང་།སྤྱི་དོན་གྱི་འདུག་སྟེགས་ཐོག་བསྡད་དེ།དམིགས་ཡུལ་ནང་མིའི་ཁེ་དཔོག་བསྒྲུབ་མཁན་ཞིག་ལས་གཞན་དེ་ལ་དགོས་པ་དང་རྒྱུ་མཚན་གང་ཡང་མེད་ཅིང་།དོན་དུ་རུལ་སུངས་བ་དང་ཁྱད་པ་ཅི་ཡང་མེད།དེ་དང་ཕྱོགས་མཚུངས་པ་ཧི་མ་ལ་ཡ་ཁ་ཅིག་གིས་བོད་ནང་དུ་ཁྱེད་ཚོ་ལ་ཅིག་བྱུང་འདུག་ཟེར་ནས་མི་རིགས་ཤིག་ལ་འཕྲད་པའི་དཀའ་སྡུག་ལ་བསམ་ཤེས་མི་བྱེད་པ་དང་། དེ་ལ་ང་ཚོ་དང་ཁྱེད་ཚོ་ཞེས་བར་སྟོང་ཆེན་པོ་འཇོག་པའང་ཅུང་ཟད་རིགས་པ་ཡིན་ཏེ། དེའི་ཐད་ལ་རྒྱབ་སྐྱོར་དང་སེམས་ཁུར་འཛམ་གླིང་མི་རིགས་གཞན་ལས་སྔོན་དུ་མ་ཐོན་ན་ཡང་རྗེས་སུ་མ་ལུས་པ་ཞིག་གནང་དགོས་ངེས་རེད། དེ་ནི་ང་ཚོ་སྤྱི་ཚོགས་གཅིག་དང་ཁོར་ཡུག་གཅིག་ཏུ་བདེ་སྡུག་མཉམ་ཁུར་གྱིས་འཚོ་ནས་གནས་ཡོད་པ་མ་ཟད། གོང་ནས་བཤད་ཟིན་པ་ལྟར་གནས་སྟངས་མང་པོ་ཞིག་གིས་འགན་མཉམ་ཁུར་དགོས་པ་མཐོང་ལ། མི་གཞི་ཀུན་སྤྱོད་ཡ་རབས་ཀྱི་ཆ་ནས་བསམ་བློ་བཏང་ན་འགྲོ་བ་ཕན་ཚུན་སྐྱིད་སྡུག་མཉམ་ཁུར་གྱི་འགན་ལེན་བྱེད་པ་ནི་ཆེས་ཤིན་ཏུ་འོས་ཤིང་འཚམས་པ་ཞིག་ཡིན། མི་ཞིག་གི་འདུ་ཤེས་ཀྱིས་ཀྱང་དོ་སྣང་མི་བྱེད་པ་དེའི་ཐད་ང་ལ་མཚོན་ན་བློ་ཡུལ་ལས་འདས་པའི་དྲི་བ་ཡ་མཚན་པ་མང་པོ་སེམས་དང་ཀླད་པའི་ནང་འཁོར་མྱོང་ལ། ཧང་སང་དགོས་པ་ཞིག་ཀྱང་རེད།
དེ་ལྟར་བོད་ནང་གི་སྙིང་སྟོབས་དང་ཕྱི་ཡུལ་དུ་ཀླད་པ་མཁྲེགས་བཟུང་ཅན་ཁ་ཤས་བར་ལ་གནམ་དང་ས་ལྟ་བུའི་བར་ཁྱད་ཡོད་པ་ནང་བཞིན།ཤ་དང་།རུས་དང་།ཁྲག་དང་།དབུག་ལ་སོགས་གཅིག་པ་ཡིན་པ་ཙམ་གྱིས་སྙིང་སྟོབས་དང་བསམ་བློའི་འདུ་ཤེས་འདྲ་བའི་ངེས་པ་མེད་ཅིང་།གོང་ནས་ཞུས་པ་བཞིན་རང་ཚུགས་མེད་པའི་མིའི་བསམ་བློ་ནི་མར་དང་འདྲ་ཞིང་།གཞན་གྱི་སྟོབས་ཤུགས་འོག་ཚོན་མདོག་གིས་བསྒྱུར་འགྲོ་བ་མ་ཟད།མ་ཕ་དང་དགེ་རྒན་བཟང་པོ་མེད་པའི་མི་གང་མང་ཞིག་ས་ཆ་གང་དུ་སོང་ན།དེའི་བྲན་དུ་འགྱུར་ཞིང་།རང་གི་ཕ་མེས་ཀྱི་འདུ་ཤེས་རླག་འགྲོ་བཞིན་ཡོད་ལ།ང་ཚོའི་བསམ་བློའི་སྦུབས་ཅེ་དོག་དང་།རང་ལྟ་མཆོག་འཛིན་གྱི་བསམ་བློ་ཅེ་འཐུག་དུ་སོང་ནས།རང་སྣང་གང་ཤར་ཙམ་ལས་རང་ཚུགས་ལྡན་པའི་མི་རིགས་ཀྱི་ཚབ་མཚོན་ཡོང་བ་ཇེ་ཉུང་ཡིན།
གནའ་བོའི་མེས་པོ་དང་།གཞིས་ལུས་བོད་འབངས་གང་མང་གིས་རང་རེ་ཚོས་ད་ཆ་གང་འདོད་ཀྱིས་ལོངས་སུ་སྤྱོད་བཞིན་པའི་ཆོས་དང་རིག་གཞུང་གི་དོན་དུ་དཀའ་ཐུབ་སྤྱད་པ་ནང་བཞིན་ཕྱི་ཡུལ་དུ་སུས་ཀྱང་དཀའ་སྡུག་ཆེན་པོ་མྱོང་མེད་ལ།ཡོད་པར་འདོད་ཀྱང་རང་ཤི་རྒྱག་དགོས་མ་ཐུག་པར་ལུས་ཡོད་པ་ལ་བསམ་ན་ཤེས་ཐུབ།ད་ལྟའི་སྐབས་ཀྱང་རང་ཡུལ་ན་དཀའ་ལས་མང་པོ་མྱོང་བཞིན་ཡོད་པས་རང་དབང་ལུང་པའི་ནང་གི་མི་སུས་ཀྱང་ཕན་ཚུན་འདྲ་འདྲ་ཡིན་བསམ་པ་དང་།དེའི་སྟེང་དུ་དབྱེ་འབྱེད་མེད་པར་ཧམ་པས་སྤོམ་བཤད་བྱས་ན་ངོས་ལེན་བྱ་ཐབས་མེད།མི་དང་མིའི་བར་གྱི་བཟང་ངན་གྱི་རིན་ཐང་མི་ཤེས་པ་དང་།བཀའ་དྲིན་ཅན་ལ་བསམ་ཤེས་མེད་པ་ནི་མིའི་གྲལ་གྱི་ཆེས་ཐ་ཤལ་དེ་ཡིན་ལ།རང་ཉིད་བདེ་ན་གཞན་ལ་བསམ་ཤེས་མེད་པ་འདིའི་རིགས་ཀྱིས་མི་རིང་བར་སྤྱི་ཚོགས་ཕུང་ལ་གཞོལ་བ་ལས་ཕན་ཐོག་མེད།འདི་ནི་རང་རེ་ཙམ་དུ་མ་ཟད་འཛམ་གླིང་གང་སར་ཡོད་ཀྱང་།འདིའི་རིགས་ཉུང་ངུ་ལས་མེད་སྐབས་མི་ཆོས་ཀུན་སྤྱོད་ཀྱི་ཡ་རབས་ལུགས་ཀྱི་རྭ་བ་ལས་མ་འདས་པ་ཞིག་བཟོ་རྒྱུའང་ཤིན་ཏུ་གལ་ཆེའོ།།
༡༡༽
དེ་ནས་གོང་ནས་ཐུ་བྷོད་མི་རིགས་ཀྱི་ཆོས་དང་རིག་གཞུང་འདི་སྦྱོང་ན་རང་རེ་མཐོ་སྒང་ཡོངས་ལ་གསོན་ཤུགས་རྒྱས་པའི་ཚུལ་སོགས་མང་དུ་བཤད་ཁུལ་བྱས་ཡོད། ད་དུང་དེ་ལས་ཧི་མ་ལ་ཡ་སུ་དང་གང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྦྱོངས་ནས་སོ་སོའི་ཡུལ་ལུང་ལ་ཕན་པ་སྒྲུབ་ཐུབ་པའི་དཔེར་མཚོན་ནི།འབྲུག་པ་བཞག་ན་ཆོག་སྟེ།འབྲུག་གི་གྲྭ་བཙུན་གང་མང་བཙན་བྱོལ་གྱི་གདན་ས་ཆེ་ཁག་དང་དགོན་སྡེ་ཆེ་ཆུང་ཁག་ཏུ་རང་གི་ཆོས་བརྒྱུད་གང་དུ་གཏོགས་སའི་ཁོར་ཡུག་དག་ཏུ་ཕྱིན་ཏེ།སློབ་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་དུ་སོང་ནས་འབྲུག་གི་གཞུང་སྒེར་ལ་ཞབས་ཞུ་སྒྲུབ་བཞིན་པ་ལྟ་བུ་ནི་དཔེ་མཚོན་ཆེ་ཤོས་སུ་མཐོང་།དེ་བཞིན་དུ་ཧི་མ་ལ་ཡ་གཞན་གྱིས་ཀྱང་དེ་ལྟར་བྱས་ན་རང་གི་ཡུལ་ལུང་ཁག་གི་གནའ་བོའི་མེས་པོའི་ཤུལ་བཞག་གི་ཆོས་དང་རིག་གཞུང་བཅས་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་གཏོང་འདོད་ན།བོད་ཀྱི་ཆོས་དང་རིག་གཞུང་སྦྱོང་བ་ནི་རང་འགན་ཡིན་པ་ཤེས་པའི་ཐོག་ནས་སྦྱོང་དགོས་པ་ལས།དེ་ཉིད་ཐུན་མོང་གི་ཡིན་པ་མི་ཤེས་ཤིང་།བོད་ཟེར་བའི་བརྡ་ཆད་དེ་དབང་པོ་གང་ཞིག་གི་ཡུལ་དུ་གྱུར་པ་དང་དེ་ཉིད་སྣང་མེད་གཏོང་བ་འམ།ཡང་ན་དེ་ལ་ཕྱོགས་ཞེན་གྱི་འདུ་ཤེས་བཟུང་སྟེ།དབྱེ་འབྱེད་དང་ཁ་གཏད་དུ་ལངས་ནས་མཐོང་ཆུང་།སྣང་མེད་གཏོང་བ་ནི།དོན་ངོ་མ་རང་གི་ཤ་བཅད་པ་དང་པགས་པ་བཤུ་བ་དང་འདྲ་ཞིང་།བོད་པའི་ངོ་བོ་རྩ་མེད་བཏང་ཟིན་རྗེས་རང་རེ་མཐོ་སྒང་བ་རང་རོགས་གཉིས་ཀའི་ངོ་བོ་དང་མཚོན་དོན་ཡོད་ཚད་མཉམ་གཅིག་ཏུ་མེད་པ་འགྱུར་འགྲོ་བ་ཡིན་ལ། བལ་ཡུལ་དང་རྒྱ་གར་ནང་གི་ཧི་མ་ལ་ཡ་རྣམས་ཀྱིས་སོ་སོའི་ལུང་པའི་ནང་རང་གི་རིགས་གྲངས་ཉུང་ཡིན་པ་ངོ་ཤེས་པར་བྱས་ཏེ། མི་རིགས་རང་གི་ཆོས་དང་རིག་གཞུང་སྣོད་བཅུད་ཀྱི་ཐོབ་ཐང་རྩོད་དགོས་པ་ལས། ཕྱི་ཡུལ་དུ་སློབ་སྦྱོང་བྱེད་སའི་ཁོར་ཡུག་དག་ནི་ཁྱེད་ཀྱི་ཐོབ་ཐང་རྩོད་ས་དེ་མིན་པ་མ་ཟད། རྩོད་ཀྱང་སྤྱི་ཚོགས་ཉམས་རྒུད་དུ་འགྲོ་བའི་རྐྱེན་ཙམ་ལས་ཁྱེད་དང་ཁྱེད་ཀྱི་རིགས་ལ་ཕན་པ་དང་གྲུབ་འབྲས་མེད་པའང་ཤེས་དགོས་སོ།།
༡༢༽
ངས་མཐོང་ཚུལ་ཞིག་ལ་རྒྱ་གར་ནང་བལ་ཡུལ་ཕྱོགས་ཀྱི་ཧི་མ་ལའི་རིགས་ཁག་ཅིག་གིས་ཕ་ཡུལ་མེས་པོའི་ཡུལ་སྲོལ་གོམས་གཤིས་དང་།ཆོས་དང་རིག་གཞུང་གི་ཚབ་མཚོན་མི་ཐུབ་པ་ལྟ་བུ་མཐོང་།ཉེ་ཆར་ཡུལ་འདིར་དམིགས་བསལ་དུས་སྟོན་ཞིག་ཚུགས་པ་དང་དེར་གར་སྟེགས་ཤིག་བསྐྲུན་ཏེ་འཁྲབས་སྟོན་སྐབས་ཁོང་ཚོ་ནི་བལ་པོའི་མིས་བྱིན་གྱིས་རླབས་ཟིན་པ་དང་མཚུངས་ཤིང་།རིག་གཞུང་གི་གདིང་ཆའི་ཐོག་ཏུ་འཁྲབས་སྟོན་བྱེད་སྐབས།གཞོན་སྐྱེས་མང་ཆེ་ཤོས་ཀྱིས་ཕ་མེས་ཀྱི་རིག་གཞུང་ལ་སྣང་བ་ཙམ་མི་གཏོད་པར།བལ་པོའི་སྐད་དང་།བལ་པོའི་རིག་གཞུང་རེ་འཁྲབས་པ་དང་།དེ་ཉིད་ལ་ལད་ཟློས་བྱེད་པ་ལ་གོམས་པ་ཙམ་ལས།རང་ཉིད་ཧི་མ་ལའི་རིགས་ཀྱི་ལུང་ཚན་གང་ཞིག་གི་ཚབ་མཚོན་ཐུབ་པའི་སྤོབས་པ་དང་བསམ་བློའི་འདུ་ཤེས་མེད་པ་ལྟ་བུ་མཐོང་གི་འདུག། བལ་ཡུལ་ནི་རང་གི་རྒྱལ་ཁབ་ཡིན་པ་ཙམ་གྱིས་དེའི་སྐད་དང་ཁྲིམས་ལ་གུས་རྩི་དགོས་པ་བདེན་ཡང་།རང་ཉིད་ཧི་མ་ལ་ཡ་ཞིག་ཡིན་པའི་ཆ་ནས་ལུང་པའི་ཚབ་མཚོན་ཡོང་དགོས་པ་གལ་ཆེ་ཞིང་།བལ་ཡུལ་གྱི་བལ་པོའི་མི་རྣམས་ཀྱིས་ནམ་ཡང་ཧི་མ་ལ་ཡའི་ཚབ་མི་བྱེད་པ་དང་མི་ཡོང་བ་སོགས་ལས་རང་རིགས་ཀྱི་འགན་རང་གི་ཁུར་དགོས་པ་ཤེས་དགོས།
ཡང་སྲིད་པ་མཐའ་ལྷུང་གི་སྐད་ཆ་ཞིག་བཤད་ན།གལ་སྲིད་བོད་མཐོ་སྒང་གི་ཕ་ཆོས་རིག་གཞུང་དང་བཅས་པ་ཕྱི་ཡུལ་ཧི་མ་ལ་ཡ་གཅིག་པུའི་ལག་ཏུ་ལྷུང་བའི་དུས་ཤིག་བྱུང་ཚེ།སྐབས་དེར་བསྐལ་པའི་མཐའ་ལ་ལྷུང་སོང་བ་འདྲ་སྟེ།དེང་སྐབས་ཧི་མ་ལའི་རིགས་རྣམས་མི་རིགས་སྟོབས་ཆེན་གཞན་གྱི་དབང་འོག་ཏུ་བསམ་བཞིན་དུ་གཞན་གྱིས་བསྐུལ་མ་དང་གནོད་ཤུགས་གང་ཡང་མི་དགོས་པར་རང་མོས་ཀྱིས་འཇུག་ཅིང་།རང་གི་ཕ་མེས་དང་ཡུལ་ལུང་གི་འདུ་ཤེས་དོར་བཞིན་པ་ལ་བསམ་ན།མཐོ་སྒང་གི་ཆོས་དང་རིག་གཞུང་བདག་རྒྱག་བྱེད་རྒྱུ་ནི།ཕ་རིའི་སླེ་བོ་དང་ཚུ་རིའི་ལྕི་བ་ལྟ་བུ་གྱུར་ཡོད་པ། དེ་ནི་ང་ལ་མཚོན་ན་གོང་གི་གར་སྟེགས་སྟེང་གི་ཟློས་གར་དེས་གསལ་བཤད་རགས་རིམ་ཙམ་བྱས་ཡོད་པ་ཚོར་བྱུང་། རང་རང་གི་ཕ་ཡུལ་གྱི་ལུང་སྐད་དང་བཅས་པ་རྩྭ་ལྟར་དོར་ནས།གཞན་བལ་ཡུལ་དུ་ཡོད་པ་རྣམས་ཀྱིས་བལ་སྐད་ཁོ་ན་ལས་མི་ཤེས་ཤིང་།རྒྱ་གར་དུ་ཡོད་པ་རྣམས་ཀྱིས་ཧིན་སྐད་ཁོ་ན་ལས་མི་ཤེས་པས།དེ་ལྟར་མཐའ་གཅིག་ཏུ་ལྷུང་ནས་རང་གི་ཕ་མེས་དང་ཕ་ཡུལ་སྣང་མེད་གཏོང་བ་འདིས།མཐོ་སྒང་གི་ཆོས་དང་རིག་གཞུང་གི་ཚབ་མཚོན་གཏན་ནས་མི་ཡོང་བ་ཙམ་དུ་མ་ཟད།ཧི་མ་ལ་རང་གི་ཡུལ་ལུང་བྱེ་བྲག་པའི་ཁྱིམ་ཚང་དང་མི་སྣ་ཞིག་གི་ཚབ་ཀྱང་ཡོང་ཐབས་མེད་པས།འདིའི་ཐད་ལ་ཧི་མ་ལ་ཡའི་མི་ཆེན་པོ་རྣམས་ཀྱིས་བསམ་གཞིག་བྱེད་པ་དང་རང་གི་མི་རིགས་ལ་དུང་ཞེན་ཡོད་ན་ཡུན་དུ་འཚོ་གནས་ཐུབ་པར་ཕྱོགས་གང་ཅིའི་ཐད་ཐབས་བཀོད་འཐེན་རན་པའི་དུས་ལ་བབས་ཡོད།
༡༣༽
དེ་ནས་རང་རེ་ལྷོ་ཡུལ་ཕྱུག་མོའི་ཡུལ་འདིར་ཡོད་པའི་མི་རྣམས་སྣང་བ་རྒྱ་ཡན་དུ་གྱུར་ནས་འདུར་བ་དང་།རང་ཉིད་ལ་བསམ་བློ་མི་གཏོང་བ་ཙམ་མ་གཏོགས།རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཀྲ་ཀའི་ཡུལ་ལུང་འདིའི་མི་རྣམས་ཀྱིས་སྐད་དང་ཡི་གེ་ལ་གཅེས་སྤྲས་བྱེད་སྟངས་ནི། ཡུལ་འདིར་ཡོད་པའི་བོད་དང་ཧི་མ་ལ་ཡ་སུ་ཡིན་ཡང་མིག་ལྟོས་བྱེད་ས་ལྟ་བུར་གྱུར་ཡོད།དཔེར་ན་རྒྱ་གར་ལྟ་བུ་ལ་མཚོན་ན།ཡུལ་གྲུ་རྒྱ་ཆེན་པོ་འདིའི་ནང་གཞུང་གི་ངོས་ལེན་ཡོད་པའི་སྐད་ཡིག་ཆེན་པོ་བཅོ་ལྔ་ཙམ་ཡོད་པ་ཚང་མ་ལ་སོ་སོའི་སྐད་ཡིག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་རང་དབང་ཚད་ལྡན་ཡོད།ང་ལྷོ་ཕྱོགས་ཀར་ན་ཏྲ་ཀའི་ནང་བསྡད་དེ་མི་ལོ་བཅུ་གཉིས་ལྷག་འདས་སོང་།འདིར་མཚོན་ན་མངའ་སྡེའི་ཡུལ་མི་ཚོས་རང་གི་སྐད་ཡིག་རིག་གཞུང་གཅེས་སྤྲས་བྱེད་ཕྱོགས་ཐད་མངའ་སྡེ་འདི་བརྒལ་ནས་འགྲོ་དུས་བར་ཁྱད་ཆེན་པོ་ཡོད།དེ་ནི་དཔེར་ན་ནུབ་ཕྱོགས་སུ་ཡོ་རོབ་ཀྱི་རྒྱལ་ཁབ་ཕན་ཚུན་བརྒལ་ནས་འགྲོ་བ་ནི་ཤིན་ཏུ་སྟབས་བདེ་ཡོད་པ་ཚོར་མྱོང་བའི།ཁོང་ཅག་གི་རྒྱལ་ཁབ་བར་ལ་སྐད་ཡིག་དང་རིག་གཞུང་ནི་འདི་ལས་བར་ཁྱད་ཡོད་དམ་སྙམ་པའི་ཚོར་བ་སླེབས་མྱོང་།དེ་ལྟར་ཁོང་ཚོས་རང་དབང་ལོངས་སུ་སྤྱད་དེ་གནའ་བོའི་མེས་པོའི་བཀའ་དྲིན་ལ་བསམ་ཤེས་དང་ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་བཞིན་ཡོད།འདི་དག་ནི་མི་རིགས་ཀུན་གྱིས་མིག་དཔེ་རུ་གྱུར་ཡོད་པས།ནམ་ཡང་རང་གི་ཕ་མེས་ཀྱི་ཆོས་དང་རིག་གཞུང་ལ་དུང་བ་ཟབ་པའི་མི་རིགས་བྱེ་བྲག་པ་ཚོས་སེམས་ལ་འཛིན་དགོས་ལ།མཐོང་ཆེན་བྱས་ཏེ་བསམ་གཞིག་བྱེད་ས་ལྟ་བུ་ཡིན།
དེ་ལྟར་རྒྱ་གར་ནི་དམངས་གཙོ་ཡང་དག་པའི་རྒྱལ་ཁབ་ཅིག་རེད།བལ་ཡུལ་ལ་མཚོན་ན་ཡང་རང་དབང་གི་ཐད་སྔོན་ཆད་རྒྱ་གར་དང་ཕྱོགས་མཚུང་འདྲ་བོ་ཡོད།དེ་གཉིས་ཆེན་པོ་ཆེན་པོའི་ཚོད་དང་།ཆུང་བ་ཆུང་བའི་ཚོད་ཀྱིས་མི་རིགས་གཞན་པ་རྣམས་ཆོས་ལུགས་དང་རིགས་རྒྱུད་བྱེ་བྲག་པའི་དབང་འོག་བཅུག་ཐབས་ནི་ནམ་ཡང་ཆབ་སྲིད་ཀྱི་དགོས་དམིགས་སུ་གྱུར་ཡོད་པས།བཙན་པོས་དམག་དང་།ཧམ་ཆེན་དབང་གིས་གཉའ་གནོན་སོགས་མེད་ན་ཡང་།ཁྱེད་རང་ཧི་མ་ལ་ཡ་ཡིན་བཞིན་དུ།ནང་པ་ཡིན་བཞིན་དུ་དེ་རིང་ནས་ཧིན་དྷི་བ་ཞིག་ཏུ་གྱུར་སོང་ན། མི་གཞན་པས་མགོ་བོ་ནང་དུ་གུག་སྟེ་འགྲིག་གི་རེད་ཟེར་བ་ལས།ཁྱེད་ལ་ཁ་དཀར་སེམས་དཀར་གྱིས་ཁྱེད་ཀྱི་རིགས་རྒྱུད་དང་ཆོས་ལུགས་འདོར་མི་རུང་བའི་ལམ་སྟོན་གནང་བའི་དོགས་པ་ནི་ནམ་ཡང་མི་དགོས།འོན་ཏེ།ཁྱེད་ལ་རིག་གཞུང་བདག་པོ་རྒྱག་རྒྱུའི་ཐོབ་ཐང་ནི་ཧ་ཅང་ཚད་མཐོན་པོ་ཡོད་པས།འདིའི་ཐད་ལ་རང་ཉིད་འཆུག་མི་རུང་མ་གཏོགས། མི་རིགས་སྟོབས་ཆེན་གཞན་གྱིས་མི་རིགས་ཤིག་གཡང་དུ་ལྷུང་བཞིན་པ་ལ་རྒྱབ་ནས་འཐེན་མཁན་ནི་དཀོན་ཚོད་རེད།དེ་ལྟར་ཕྱི་ཕྱོགས་ནས་རང་དབང་ཆེ་དྲགས་ནས་ཆོས་དང་རིག་གཞུང་བརླགས་ན་མི་འོས་ཤིང་འཐད་པ་མེད།དེའི་གནད་དོན་གྱི་བྱུང་རིམ་ལོ་རྒྱུས་སོགས་ལ་ཞིབ་ཏུ་བསམ་ནས།འདི་ནི་ང་ཚོ་ཐུན་མོང་གི་ཤེས་བྱ་ཞིག་གམ།ཡང་ན་འདི་སྦྱོང་ན་རང་གི་འགན་དང་།མ་སྦྱོང་ན་རྩ་བ་དོར་ནས་ཡལ་ག་གཞན་ལ་འཇུ་བ་ལྟ་བུ་ཡིན་པ་སོགས་ཤེས་དགོས།
དེའི་ཐད་དཔེར་ན་འཛམ་གླིང་དཔལ་འབྱོར་རིག་པ་བའི་རྗེས་སུ་འབྲང་སྟེ་ཁེ་བཟང་ཁོ་ན་དོན་དུ་གཉེར་བ་དང་།ཤར་ཕྱོགས་པའི་དབྱིན་ཇི་སྦྱོང་བའང་ཚོང་དོན་ཙམ་དང་།ནུབ་ཕྱོགས་པའི་རྒྱ་སྐད་སྦྱོང་བའང་ཚོང་དོན་ཞིག་གི་ཆེད་དུ་རེད།དེ་ལ་རང་རེ་རྣམས་ཀྱིས་ཀྱང་ཕ་མེས་ཀྱི་གཅེས་ནོར་བདག་པོ་བྱེད་པའི་བསམ་བློ་མེད་པར།རྗེས་ཕྱོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་གི་མིང་ཙམ་སྦྱོང་ནས་ཚོང་དོན་དཔལ་འབྱོར་འདུ་འགོད་གཅིག་པུའི་ཙམ་ལས་དམིགས་ཡུལ་མེད་པར་གྱུར་ན།མཐོ་སྒང་གི་ལས་དབང་འདི་བསྐལ་བའི་མཐའ་ལ་ཐུག་སོང་བ་ཡིན་པས་དེ་ལྟར་མི་འགྱུར་བའི་ཐབས་སུ་རང་གཞན་ཚང་མས་འབད་པར་བྱའོ།།
༡༤༽
ད་ནི་གོང་ནས་ཧི་མ་ལ་ཡ་ཞེས་པའི་ཡིག་འབྲུ་དང་པོ་༼ཤི༽་ཟེར་དོན་གང་ཡིན་མདོར་བསྡུས་ཙམ་ཞུ། འདི་ནི་རྩེད་མཚར་ཡིན་ལ་ངོ་མ་ཡང་ཡིན། ཧི་མ་ལ་ཡའི་རང་གི་ཕ་ཡུལ་གྱི་མི་དང་མེས་པོའི་ཚབ་མཚོན་བྱེད་མི་ནུས་པ།གཞན་གྱི་ལད་ཟློས་ལ་བྲེལ་བཞིན་པ་འདིས།བོད་བརྒྱུད་ནང་བསྟན་གྱི་བསྟན་པ་འཛིན་པའི་ཚབ་མཚོན་ཇི་ལྟར་ནུས།ཧི་མ་ལ་ཡའི་རང་ཡུལ་གྱི་ཕ་ཆོས་སྣང་མེད་གཏོང་ཞིང་།དེ་ལ་གཅེས་སྤྲས་ཀྱི་འདུ་ཤེས་བོར་བའི་བསྐལ་བ་འདི་ལ་བསམ་ན།ཧི་མ་ལ་ཡ་ཞེས་པ་ནི་མིང་དོན་མི་མཚུངས་པའི་མིང་སྐམ་པོ་ཞིག་སྟེ།བྱ་མེད་པའི་བྱ་ཚང་ཞིག་དང་།འབུ་མེད་པའི་འབུ་ཤུབ་སྟོང་པ་བཞིན་དུ་བདག་མེད་དུ་གྱུར་ཟིན་པའི།སྐབས་དེར་ད་གཟོད་རྒྱ་ནག་གིས་མཐོ་སྒང་བ་ལ་བླངས་བའི་གླུ་དང་རྒྱུན་ལྡན་དུ་མི་མང་རྣམས་ཀྱིས་འབོད་བཞིན་པའི་ཤི་མ་ལ་ཡ་ཟེར་བ་དེ་དོན་ལ་གནས་ཤིང་།དེ་ཡང་ཧི་མ་ལ་ཡ་ཟེར་བ་འདི་ལ་རྒྱའི་སྒྲ་ཇི་བཞིན་ཐད་གར་འབྲི་མཁན་ཁག་ཅིག་གིས་ཕྱེ་མ་ལ་ཡ་དང་།བྱེ་མ་ལ་ཡ་སོགས་བྲིས་ཡོད་པ་མཐོང་མྱོང་ན་ཡང་།ད་ལྟའི་སྐབས་ཀྱི་ཧི་མ་ལ་ཡའི་ངོ་གདོང་ལ་བལྟས་ན་ཤི་མ་ལ་ཡ་ཞེས་བྲིས་ན་ཤིན་ཏུ་འཚམས་པོ་ཡོད་དེ།ང་ཚོ་འཆི་ལ་ཉེར་བའི་ཕྱིར་རོ།།
རང་ཚུགས་བྲལ་བའི་མི་རིགས་དང་།བཙན་དབང་འོག་གི་མི་རིགས།མི་སེར་སྤེལ་ཡུལ་གྱི་གྲངས་ཉུང་མི་རིགས་ཧ་ཅང་མང་པོའི་སྐད་དང་ཡི་གེ།ཆོས་དང་རིག་གཞུང་།ཡུལ་སྲོལ་གོམས་གཤིས་ཉི་མ་རེ་རེ་བཞིན་དུ་འཇིག་ནས་ཤི་སྟེ་མངོན་མེད་དུ་གྱུར་བ་དང་།ས་ཆུ་མེ་རླུང་འབྱུང་བ་གང་གི་གནས་ལ་འཐིམ་འགྲོ་བཞིན་པ་སོགས་ལ་བསམ་ན།ཤི་ཟེར་བའི་ཡིག་འབྲུ་འདི་ཧི་ཡི་ཚབ་ཏུ་སྦྱར་ན་མི་འཚམས་པ་གང་ཡང་མེད་དེ། མགྱོགས་ངེས་མྱུར་དུ་འཆི་བའི་སྔོན་བརྡ་མང་དུ་མཐོང་རྒྱུ་ཡོད་པའི་ཕྱིར་རོ།།
༡༥༽
གསལ་བཤད་ཞུ་རྒྱུར།གང་ནས་བཤད་པ་དག་མཁན་པོ་ངག་དབང་བློ་བཟང་གི་འཕྲིན་ཕྲན་སྐད་འཕྲིན་ཚོགས་པ་༼སྔ་འགྱུར་ལྷན་ཚོགས་༽ཞེས་པའི་སྟེང་དྲི་བ་ཞིག་ལས་འཕྲོས་ཏེ་བདག་མི་སྒེར་གྱི་འཆར་ཡན་ཙམ་ཞུས་པ་ཡིན།སྐད་ཆ་དེ་དག་གཤམ་གྱི་དྲི་བ་དེ་ལ་བརྟེན་ནས་སྐད་ཆ་འཕྲོས་གཞི་ཙམ་ལས།གོང་གི་སྐད་ཆ་ཚང་མ་དྲི་བ་དང་བསྟུན་ཅི་ཐུབ་བྱས་མེད་ཀྱང་།ཁོང་གིས་དྲི་བ་༢༥ཙམ་བཀོད་པའི་ནང་ཚན་༢༢པ་ལ་གཟིགས་འདོད་ན་གཤམ་ལ་ཡོད་པ་འདི་ཡིན།
དྲི་བ།༽ བོད་བརྒྱུད་གྲངས་ཉུང་མི་རིགས་འདི། ཆོལ་ཀ་གསུམ་བོད་མི་ས་ཡ་དྲུག་དང་། འབྲུག་པ་འབུམ་དྲུག་དང་། འབྲས་ལྗོངས་འབུམ་གསུམ། རྡོ་རྗེ་གླིང་འབུམ་གསུམ། ལ་དྭགས་འབུམ་གཅིག་དང་ཕྱེད། པི་ཏི་དང་།གར་ཤ་ཁྲི་ལྔ། ཁུ་ནུ་འབུམ་གཅིག མོན་པ་པད་བཀོད་ཨརྣ་ཅལ་འབུམ་གཅིག རྟ་དམག་འབུམ་བཅོ་ལྔ། ཤར་པ་འབུམ་གསུམ། ཡོལ་མོ་འབུམ་གཅིག ཙུམ་པ། དོལ་པོ། ནུབ་རི། མུཥ་ཏང་། ཉི་ཤང་། མུ་གུམ། འུམ་ལོ། གུ་རུང་། ཐཱ་ཀཱ་ལི། བཅས་ཡོངས་རྫོགས་བསྡོམས་པས་བོད་མི་རིགས་འབུམ་བརྒྱ་ཡང་མེད་པས། དེ་དག་སྤྱང་གྲུང་མ་འཛོམས་པ། རིགས་པ་གུ་དོག་པ། མཉམ་འབྲེལ་མི་བྱེད་པ། སྐད་བརྡ་མི་འཕྲོད་པ། འགོ་ཁྲིད་བཟང་པོ་མེད་པ། ཡོད་ཀྱང་མཉམ་པོར་གཤིབ་པའི་གོམས་གཤིས་མེད་པ་དང་། ཆོས་བརྒྱུད་ནང་པ་ཟེར་ཞིང་ཆོས་ཁུངས་མི་སློབ་པ། བོད་རིགས་ཟེར་ཞིང་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་སེལ་ཐབས་གང་།
རྩོམ་པ་པོ། ཧོར་བྷ། ༢༠༡༤་༩་༥་ལ་བྲིས།

No comments:

འཚོལ་ཞིབ།