Wednesday, 26 November 2014

གྲོས་འདེབས་བདེན་གཏམ་མེ་ལོང་ཞེས་བྱ་བ།


༈གྲོས་འདེབས་བདེན་གཏམ་མེ་ལོང་ཞེས་བྱ་བ།༽ བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །གཞན་ཕན་སེམས་ཀྱིས་གྲོས་འདེབས་གཏམ་ཞིག་གླེང༌། །རང་བློ་ནང་བཀུག་རང་དོན་ཤེས་པ་ཡི། །སྐྱེ་བོ་འགའ་ཞིག་སྲིད་ན་འདི་དོན་སོམས། །སེམས་ཅན་ཐམས་ཅད་རང་བདེ་འདོད་པ་ལས། །ལམ་ལོག་ལམ་གོལ་གྱུར་པས་བདེ་འབྲས་བྲལ། །བོད་ཕྲུག་སྤྲེལ་ཚ་ཅོལ་ཆུང་གསར་ངས་ཆེ། །འདོད་ཐག་ཉེ་ཞིང་བློ་རྒྱ་ཆུང་བའི་ཕྱིར། །ལམ་མཆོག་མདོ་སྔགས་ཉམས་ལེན་འདོད་རྣམས་ཀྱང༌། །ཚེ་འདི་ཆེད་བཟུང་དྲེགས་པ་གཙོ་བོར་བསྟེན། །རྒྱལ་དབང་པདྨའི་གསུང་གི་སྐབས་འགའ་རུ། །ཡེ་ཤེས་ལྷ་ནི་བྱིན་རླབས་རྒྱ་ཆེ་ཡང༌། །ལས་དང་སྐལ་ལྡན་མིན་ལ་སྒྲུབ་ཐག་རིང༌། །འཇིག་རྟེན་ལྷ་འདྲེ་སྒྲུབ་ཐག་ཉེ་བའི་ཕྱིར། །ལས་བཅོལ་དགོས་པ་ཕྲལ་གྱི་ལས་འགའ་ལ། །དགོངས་ཏེ་གསུང་པ་དེ་ལྟར་ཡིན་མོད་ཀྱི། །

རྣམ་པ་ཀུན་ཏུ་འདི་ཕྱིར་མི་བསླུ་པའི། །ཡེ་ཤེས་ལྷ་ཡི་བསྙེན་སྒྲུབ་གལ་ཆུང་དུ། །བཏང་ནས་དྲེགས་པ་མཆོད་བསྟོད་སྒྲུབ་པ་རྣམས། །ཤིན་ཏུ་ནོར་བའི་གཡང་སར་རྡོག་འཆལ་ནས། །འདི་མེད་ཕྱི་མེད་ལག་སྟོང་འཁྱམས་མཐོང་སྟེ། །བློ་ལ་འཕྲིག་གཟུང་ཚིག་གསུམ་སྙིང་ལ་ཞག །འདི་དོན་ལེགས་པར་དཔྱད་ནས་བདེན་ནམ་རྫུན། །རང་གི་བློ་ཡི་སྟེང་དུ་ཡིད་ཆེས་བྱོས། །ཚེ་འདིར་འབྱོར་དང་གྲགས་དང་དགྲ་ཐུལ་པའི། །རེ་འདོད་ཞེ་ལ་བརྣག་ནས་དྲེགས་པ་གང༌། །ཉིན་འདོན་མཚན་འདོན་རྔ་བརྡུང་འུར་ཆོམ་གྱི། །བརྩོན་པ་ཚེ་གཅིག་བསྟེན་ནུས་རྣམས་ལ་ལྟོས། །དེ་དག་ཇི་ལྟ་ཇི་ལྟར་བརྩོན་ན་ཡང༌། །འབྱོར་པ་དག་ཀྱང་ཕལ་ལས་དབུལ་མཐོང་ལ། །གྲགས་ལྡན་དགྲ་མེད་གྱུར་ནའང་ཇི་ལྟར་མཐོང༌། །དེ་ལྟར་མ་འབད་སྡོད་རྣམས་དེ་ལས་བཟང༌། །འདི་འདྲ་བཏོན་བཏོན་སྒྲུབ་སྒྲུབ་འབྲས་བུ་ལ། །ཇི་ལྟར་ལེགས་པའི་རྩེ་མོར་ཕྱིན་ན་ཡང༌། །རྟ་རྐུན་ནོར་རྐུན་རེ་ཟུང་སོད་པ་དང༌། །མནོག་ཆུང་གྲོང་གི་གཏོ་དཔོན་ཙམ་ཞིག་འགྲུབ། །དེ་ལས་རྒྱ་ཆེ་རབ་ཀྱི་དངོས་གྲུབ་ཞིག །དེ་སྔ་ཐོབ་པ་ཡོད་དམ་ད་ལྟ་དང༌། །ད་གཟོད་དུ་ཡང་འབྱུང་སྙམ་ཁོ་ཐག་ཆོད། །དེ་འདྲའི་ཚེགས་ཆེ་དོན་ཆུང་བརྩོན་པ་ལ། །དེ་ཙམ་འབད་པ་དེ་བས་ཞག་ཤས་ཞིག །བློ་སྦྱོང་སེམས་དང་འབྲེལ་བའི་དགེ་སྦྱོར་ཞིག །བྱས་ན་འདི་ཕྱིར་དོན་འབྲས་མི་ཆེའམ། །དོན་ཆེན་བཞག་ནས་དོན་ཆུང་འབད་དེས་ཅི། །བྱ་བ་ཅི་བྱས་བསམ་པར་རག་ལས་ཤིང༌། །དགེ་རྩ་ཆེ་ཆུང་མི་ལྟོས་བསྔོ་བ་ཡིས། །ཐེག་གསུམ་འབྲས་བུར་སྨིན་ཚུལ་ཐ་དད་གསུངས། །དེ་བས་ནང་གི་འདུན་པ་ལེགས་བརྟགས་ན། །དྲེགས་པ་མཆོད་དགའ་ཚེ་འདིའི་བསམ་པས་བྱས། །ཚེ་འདིར་དངོས་གྲུབ་གཞན་ལས་ཁྱད་འཕགས་ཞིག །མཐོང་རྒྱུ་མེད་བཞིན་ཡོད་དོ་སྙམས་རློམ་ནས། །ཡང་ཡང་དེ་སྒྲུབ་ཡང་ཡང་རང་མགོ་འཁོར། །ལས་ཀྱིས་རྙེད་པའི་བདེ་འབྱོར་ཅུང་ཟད་ཞིག །བྱུང་ན་ལྷ་མཆོད་པ་ལས་བྱུང་ངོ་ཟེར། །མི་འདོད་གང་བྱུང་ལྷ་མ་དགའ་བར་བརྟག །དོན་དུ་བདེ་སྐྱིད་འབྱོར་པའི་སྐབས་ཀྱང་ཉུང༌། །དྲེགས་པ་མི་མཆོད་ལྷ་འདྲེ་མ་བརྔན་ཀྱང༌། །ཆོས་དང་སྲིད་ཀྱི་མངོན་པར་མཐོ་བ་དང༌། །ནད་མེད་ཚེ་རིང་བདེ་བར་ལྡན་རྣམས་ལྟོས། །ཁྱེད་ལ་དེ་ལས་ལྷག་པོར་བྱུང་ངམ་སེམས། །དགྲ་ལ་བསམ་ནས་རྟག་ཏུ་དྲག་པོའི་སྔགས།།བཟླ་བ་རྣམས་ལ་དགྲ་སྲིད་རྒྱུན་དུ་ལྡང༌། །གཅོད་ལོག་འདྲེར་འཛིན་ཅན་ལ་རང་སྣང་གི །རྟག་ཏུ་འདྲེ་ཡིས་འཚེ་བ་རྒྱུན་མི་འཆད། །དེ་ཕྱིར་ཚེ་འདི་གཙོར་བཟུང་ལས་སྒྲུབ་ཀྱང༌། །ཚེ་འདིར་བདེ་བ་གཞན་ལས་ཉུང་མཐོང་ནས། །རང་མགོ་རང་བསྐོར་དོན་མེད་བརྩོན་པ་ལ། །རང་རློམས་མ་བྱེད་སེམས་འཕྲིག་གཞུག་ཅིག་ཨང༌། །རྡོ་རྗེ་འཆང་དང་པད་འབྱུང་ལ་སོགས་པས། །བཀའ་བགོས་ཆོས་སྐྱོང་དྲེགས་པ་ཆེན་པོ་རྣམས། །བསྟན་དང་བསྟན་འཛིན་སྲུང་མ་ཡིན་མོད་ཀྱི། །དེ་དག་ཡི་དམ་བརྟེན་པའི་ཁོར་ཡུག་ཏུ། །དུས་ཀྱི་མཆོད་པ་ཙམ་ཞིག་བཞག་ནས་སུ། །དམ་ཚིག་སྲུང་ན་དེ་དག་ཤུགས་ཀྱིས་འདུ། །དགོས་པ་བྱུང་ན་ཕྲིན་ལས་བཅོལ་བས་ཆོག །ཡི་དམ་ལས་ལྷག་དྲེགས་པ་སྒྲུབ་མི་བྱ། །བཀའ་གདམས་ཞུས་ལན་ནོར་བུའི་ཕྲེང་བ་ལས། །མཐུ་ཆེན་འདོད་པས་བེ་ཧར་སོགས་སྒྲུབ་ཀྱང༌། །མཆོད་མཆོད་ནོངས་པ་གཅིག་གིས་འཇོམས་བྱས་ཏེ། །དབུགས་ལེན་བྱས་ནས་ངན་སོང་འགྲིམ་མཐོང་གསུངས། །ཤེས་བྱའི་ཁོངས་ན་རྒྱལ་བ་ལས་ལྷག་པའི། །མཁྱེན་བརྩེ་ནུས་པ་ཆེ་ཞིང་མྱུར་བ་མེད། །འདི་ལ་ལན་གཅིག་ཡིད་ཀྱིས་གསོལ་བཏབ་ཀྱང༌། །འདི་ཕྱི་ཀུན་ཏུ་མི་བསླུ་ངེས་པ་ཉིད། །དེ་བས་ལྷག་པར་དྲེགས་པ་སྒྲུབ་དགའ་ན། །སྔགས་པ་འདྲེས་ཁྱེར་དངོས་གྲུབ་པྲ་ཡས་ནས། །སྟུ་དགའ་མཐུ་དགའི་ངང་ཚུལ་ཙམ་ཞིག་གིས། །འདི་མེད་ཕྱི་མེད་སྐྱ་མིན་སེར་མིན་འགྱུར། །རང་རྒྱུད་ཆོས་ལྡན་བསྐྱེད་རྫོགས་གདེང་ལྡན་ན། །ཆོས་སྐྱོང་དྲེགས་པ་མ་སྒྲུབ་རང་བཞིན་འཁོར། །དད་དང་དམ་ཚིག་ལམ་གྱི་གདེང་མེད་ན། །དྲེགས་པ་བསྒྲུབ་ཀྱང་ནམ་མཁར་ལག་ཡུག་འདྲ། །མཆོད་ཅིང་བསྟོད་ན་ཅུང་ཟད་འཁོར་མོད་ཀྱི། །བསོད་ནམས་དམན་ལ་འཇིག་རྟེན་དྲེགས་པ་དེས། །དངོས་གྲུབ་རྒྱ་ཆེ་སྦྱིན་པར་མི་ནུས་པའི། །སྔར་གྱི་ལོ་རྒྱུས་ཚད་མ་མང་དུ་སྣང༌། །གལ་ཏེ་ནུས་སོ་སྙམས་ན་དྲེགས་པ་ལ། །མཆོད་བསྒྲུབ་འབད་འབད་བརྩོན་བརྩོན་ཁྱེད་རང་གི །སྐུ་མདོག་ཕྱག་མཚན་ཉམས་འགྱུར་ངོམས་དང་ཤེས། །གཞན་ལས་ཁྱད་འཕགས་བྱུང་ན་ཁྱེད་བདེན་ནོ༑ ༑རྒྱལ་བཙན་ལ་སོགས་དྲེགས་པ་མཆོད་རྣམས་ལ། །དང་པོར་དེ་ཡི་རིགས་གཏོགས་འདྲེ་རྣམས་འདུ། །འཁུ་ལྡོག་མང་ཞིང་ཕྱི་ནང་རྩུབ་ཉམས་ཆེ། །དེ་དང་དེ་འདྲའི་ངང་དུ་མི་ཚེ་འཛད། །དད་དང་དམ་ཚིག་བསྐྱེད་རྫོགས་གདེང་མེད་ན། །དྲེགས་པའི་གཙོ་བོ་ཆོས་སྐྱོང་ཆེན་པོ་རྣམས། །ཚུལ་བཞིན་ཉེ་ཞིང་དངོས་གྲུབ་སྟེར་བ་ཉུང༌། །དེ་དག་བདེན་མིན་སྒྲུབ་པ་པོ་ལ་ལྟོས། །སྒྲིབ་སྦྱང་རྣམ་དཀར་དགེ་ཚོགས་ལ་འབད་ཅིང༌། །བསམ་བཟང་ཚུལ་ལྡན་དགེ་སྦྱོང་རྣམས་ལ་ལྟོས། །འདི་བདེ་ཕྱི་བདེ་འཚུབ་ཉུང་བདེ་འབྱོར་ཆེ། །དེ་བས་ཁྱེད་རང་ལྷག་ན་ཁྱེད་ལེགས་སོ། །ཚེ་གང་རྒྱུན་མཆོད་དངོས་གྲུབ་འདི་ཞེས་མེད། །ཞག་གཅིག་མཆོད་བསྐང་ཆགས་ན་ཆད་པ་གཅོད། །དེ་འདྲའི་རང་སེམས་འཚུབས་ཀྱི་ཡོ་ལང་ལ། །རྒྱུན་མར་འཕྱན་པས་ཅི་བྱ་དེ་བས་ནི། །བདེ་བའི་སྟན་ལ་རང་སེམས་ཟོ་ལྷོད་དེ། །བསམ་པ་དང་བས་མ་ཎི་འབྲུ་དྲུག་སྔགས། །བརྒྱ་ཕྲག་ཙམ་ཞིག་བགྲང་བ་བཟང་མཐོང་སྟེ། །འདོན་རྒྱུ་བཟང་ལ་བསམ་པ་བཟང་ཕྱིར་རོ། །ཚེ་འདི་གཙོར་བྱས་འདི་ལ་སྐྱབས་རྣམས་ཀྱིས། །དངོས་གྲུབ་མྱུར་པོར་རེ་བའི་དྲེགས་པ་ལ། །བརྟེན་བརྟེན་བསྒྲུབ་བསྒྲུབ་བྱས་ཀྱང་ཚེ་འདི་ཉིད། །མ་ལོ་མ་ཉན་ངང་དུ་འདའ་བ་མཐོང༌། །ལྷ་མཆོད་འདྲེ་བཀར་རྣམ་རྟོག་རྦ་རླབས་ཅན། །ཁབ་ཙམ་རྙེད་ཚེ་སྟྭ་རེ་ཙམ་ཞིག་འཆང༌། །དུས་ཀུན་མི་བདེ་བྲེལ་དང་རྙེད་ཚོལ་དང༌། །ཟ་ཐབས་གྱོན་ཐབས་ཆགས་བཞིན་གནས་པ་མང༌། །བྱས་བྱས་ཚེ་འདི་གཙོར་བཟུང་ཆེད་ཡིན་པས། །མཐོང་བའི་ཆོས་ལ་སྒྲུབ་འབྲས་མ་མཐོང་ན། །འཇིག་རྟེན་ཕ་རོལ་རྣམས་སུ་དེའི་འབྲས་བུ། །མྱོང་བ་དེ་ནི་དེ་བས་རྫུན་མིན་ནམ། །རྒྱལ་བའི་བཀའ་ཉན་དྲེགས་པ་ཆེ་རྣམས་ཀྱིས། །ས་ལམ་བར་ཆད་སེལ་ཞེས་གྲགས་མོད་ཀྱི། །ཕྱི་མའི་འབྲས་བུ་ཁྱོད་ཀྱིས་དོན་གཉེར་ན། །རྒྱལ་བ་ལས་ལྷག་དྲེགས་པ་ཅི་སྟེ་ཡིན། །རྒྱལ་བ་མཆོག་དང་ས་བཅུའི་དབང་ཕྱུག་རྣམས། །གང་འདུལ་ཆོས་སྐྱོང་རྣམ་པར་བསྟེན་པས་ན། །ཡི་དམ་ལྷ་དང་བཟང་ངན་མ་དམིགས་ཕྱིར། །དེ་ཉིད་མཆོད་ལ་འགལ་བ་མེད་སྙམས་ན། །མཆོད་ལ་འགལ་བ་བདག་གིས་མི་བརྗོད་ཀྱང༌། །རྒྱལ་བ་མཆོག་དང་ས་བཅུའི་དབང་ཕྱུག་ལས། །ལྷག་པར་ཆོས་སྐྱོང་དྲེགས་པ་སྒྲུབ་ཁྱོད་ལ། །བཟང་ངན་དབྱེ་བའི་བློ་གྲོས་མ་བྱུང་ངམ། །དད་དང་བསམ་པ་བཟང་པོས་ཡི་དམ་ལྷར། །ཅི་ཙམ་བརྟེན་ཀྱང་ཉེས་མེད་བདེ་ལེགས་འཕེལ། །འཇིག་རྟེན་རང་རྒྱུད་དྲེགས་པ་ཕལ་མོ་ཆེ། །རྒྱུད་རྩུབ་ཕྱིར་ན་བརྟེན་པའི་གནད་དང་ནི། །གོང་ནོན་གཉེན་པོའི་སྟོབས་ཀྱིས་མ་ཆུན་ན། །འཁུ་ལྡོག་ཆེ་ཞིང་རྣལ་འབྱོར་སྲོག་ལ་རྒོལ། །དེ་ཕྱིར་གནད་ཡིག་མི་ཤེས་དྲེགས་པ་ནི། །བསྟེན་མི་བྱ་ཞེས་གུ་རུ་པདྨས་གདམས། །དེང་སང་རིག་འཛིན་བརྒྱུད་པའི་ཐ་ཚིག་ལ། །གནས་པའི་ཆོས་སྐྱོང་རྒྱལ་པོ་རྣམས་ལས་ཀྱང༌། །གློ་བུར་འདྲེ་རྒོད་སྒྲུབ་ལ་ཆེས་དགའ་བས། །ཀྱེ་མ་སྙིགས་མའི་དུས་ཀྱི་བློ་གྲོས་ལྟོས། །རྒྱལ་བ་ལས་ཀྱང་ཆོས་སྐྱོང་དྲེགས་པ་དང༌། །དེ་ལས་ཀྱང་ནི་འཇིག་རྟེན་རང་རྒྱུད་པ། །དེ་བས་གློ་བུར་གདུག་རྩུབ་ཆེ་བའི་འདྲེ། །ལྷ་ཡི་གཙོ་བོར་འཛིན་པ་ཀྱེ་མ་འཁྲུལ། །གཏན་བདེ་ཐར་བ་མཆོག་ལས་ཚེ་འདི་དང༌། །ཡེ་ཤེས་ལྷ་མཆོག་ལས་ཀྱང་འཇིག་རྟེན་པ། །སྒྲུབ་པའི་ཚུལ་ལ་དགའ་བ་འདི་དག་གིས། །སྒྲུབ་པོ་དེ་ཡི་རྣམ་ཐར་སྲང་ལ་བཏེགས། །ཆོས་སྐྱོང་ཕལ་ཆེར་ཡེ་ཤེས་ལྷ་ཉིད་ཀྱང༌། །རང་གི་བསམ་པས་གདུག་རྩུབ་རང་རྒྱུད་པར། །བཟུང་ནས་ཚེ་འདིའི་ཆེ་ཐབས་སྒྲུབ་པའི་བློས། །མཆོད་ཅིང་བསྒྲུབ་པ་ཕལ་ཆེར་ལོག་ལམ་སོང༌། །རྒྱལ་ཀུན་ཡེ་ཤེས་འཇམ་དཔལ་ཁྲོས་པའི་སྐུ། །གཤིན་རྗེ་གཤེད་ལས་ལྷག་པའི་ལྷ་གཞན་མེད། །འོན་ཀྱང་བསམ་པ་ལོག་པས་སྒྲུབ་པ་ཡིས། །ཙན་ཀྵ་ཉིད་ཉམས་པའི་ལོ་རྒྱུས་བཞིན། །དྲེགས་པ་རང་རྒྱུད་བསྒྲུབ་པའི་བསམ་སྦྱོར་ཅན། །འཇིག་རྟེན་དྲེགས་པ་ཕལ་གྱིས་རྒྱུད་བརླམ་ནས། །རང་རྒྱུད་བསམ་སྦྱོར་ཇེ་བས་ཇེ་རྩུབ་ལ། །རང་ཕུང་གཞན་བརླག་འདི་ཕྱིར་སྡུག་བསྔལ་མཐོང༌། །སྔོན་ཚེ་བོན་གྱིས་དམར་མཆོད་བྱས་དུས་དང༌། །ད་ལྟ་ནག་ཕྱོགས་བཞི་བདག་ཤ་ཁྲག་གིས། །བརྔན་པ་རྣམས་ཀྱིས་སྟོང་གྲོགས་བྱེད་ཚུལ་གྱིས། །ཆོ་འཕྲུལ་ཕྲ་མོ་མཐོང་ནས་དགའ་བ་ལྟར། །འཇིག་རྟེན་ལྷ་འདྲེ་མཆོད་པའི་ལག་རྗེས་ལ། །ལུང་བསྟན་མཐུ་རྟགས་ཅུང་ཟད་བྱུང་བ་ཡིས། །ལྷ་སྲུང་འཁོར་ཞེས་བླུན་རྣམས་ཡ་མཚན་ནས། །ཡང་ཡང་མཆོད་བྱས་ཐ་མར་མྱལ་བར་འཁྲིད། །རྟགས་དང་ཆོ་འཕྲུལ་མི་ཡི་ཚེ་རྐུ་བ༑ ༑མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་ཀྱང་ནུས། །དེ་ཙམ་ཞིག་ལ་ལྷ་མཆོད་དངོས་གྲུབ་ཞེས། །བློ་དང་ལྡན་པ་སུ་ཞིག་ཡ་མཚན་བྱེད། །འཇིག་རྟེན་མཁའ་འགྲོ་ཤ་ཟ་ཡི་དྭགས་ཀྱིས། །ཅོལ་ཆུང་སྒྲུབ་པ་པོ་རྣམས་མངོན་ཤེས་དང༌། །གྲུབ་རྟགས་ཕྲ་མོས་བསླུས་ནས་ཉམས་འགྱུར་ཞེས། །སྔ་འགྱུར་མན་ངག་དག་ལས་ཡང་ཡང་གསུངས། །ལྷ་དང་དམ་ཅན་བསྒྲུབ་པའི་ལག་རྗེས་ལ། །འདི་དང་ཕ་རོལ་ཆོས་དང་མི་འགལ་ཞིང༌། །ཕན་དང་བདེ་བའི་འབྲས་བུ་རྒྱ་ཆེ་བ། །རང་གིར་གྱུར་ན་ཡང་དག་སྒྲུབ་པོ་ཡིན། །བྱས་སོ་སྒྲུབ་པོ་བདག་གི་བྱ་བ་འདི། །ཡིན་ནོ་ལེགས་སོ་སྙམ་དུ་མངོན་རློམས་ཀྱིས། །འདི་ཕྱིའི་ཕུང་གྲོལ་རྒྱུ་དང་ལེགས་པའི་གཞི། །མི་དཔྱད་ཀྱི་ནར་འཁྱམས་རྣམས་ཤིན་ཏུ་བླུན། །རྒྱལ་དབང་པདྨས་ཟབ་མོའི་གཏེར་རྣམས་སུ། །དྲག་པོའི་སྔགས་དང་དྲེགས་པ་བསྒྲུབ་པའི་ཐབས། །ཡང་ཡང་བསྟན་བྱས་འདི་དག་སྒྲུབ་ཅེས་པར། །རྗེས་སུ་གདམས་ཕྱིར་བསྒྲུབ་པར་འདོད་ཅེ་ན། །རིག་འཛིན་མཆོག་དེས་ཟབ་མོའི་གཏེར་རྣམས་སུ། །དྲག་སྔགས་དྲེགས་པའི་བསྒྲུབ་ཐབས་གསུང་མོད་ཀྱི། །འདི་དག་བསྟན་པ་བསྲུང་བའི་ཡན་ལག་ཏུ། །ཐབས་མཁས་སྙིང་རྗེར་ལྡན་པས་སྤྱོད་ཅེས་གསུངས། །གཙོ་བོར་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱི། །བྱང་ཆུབ་སེམས་གཉིས་བསྐྱེད་དང་རྫོགས་པ་དང༌། །ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ། །ཉམས་ལེན་གནད་ཀྱི་ཆོས་གཏེར་བགྲང་ཡས་གསུངས། །མཐོང་ཐོས་དྲན་རེག་དོན་དང་ལྡན་པ་ཡི། །ཟབ་མོའི་ཆོས་མཛོད་དེ་རྣམས་བཞག་ནས་སུ། །དྲག་སྔགས་དྲེགས་པ་ལོག་པར་བསྒྲུབ་པ་ཡི། །དོ་གལ་འདི་ཀོ་ཁྱོད་ལ་སུ་ཡིས་བཀལ། །གདུག་ཅན་འགྲོ་ལ་ཤིན་ཏུ་སྙིང་རྗེ་ཞིང༌། །རྒྱལ་བསྟན་རིན་ཆེན་སྲོག་ལས་ཕངས་པ་དང༌། །རང་འདོད་ཞེན་འཁྲིས་མེད་གང་ཤུགས་སྒྲོལ་བྱ། །དགོངས་སྤྱོད་ཚད་དུ་ཕྱིན་པ་ཉིན་སྐར་ཙམ། །རང་ཉིད་གཅེས་འཛིན་གཞན་ལ་གནོད་པའི་བློས། །སྒྲོལ་པའི་དགོངས་སྤྱོད་མེད་པར་དམོད་ངན་གྱི། །དྲག་སྔགས་དུག་མདའ་གང་བྱུང་འཕེན་པ་དེ། །སྒྲོལ་བ་ལོག་པའི་བརྟུལ་ཞུགས་ཉིད་དུ་གསུངས། །གསང་བ་སྔགས་ཀྱི་སྦྱོར་སྒྲོལ་ཟབ་མོ་ལ། །དགོངས་སྤྱོད་ཟབ་མོའི་གནད་དང་མི་ལྡན་པར། །རང་གར་ཞུགས་ན་ལོག་ལམ་འགྱུར་རོ་ཞེས། །རྒྱལ་དབང་རིག་འཛིན་བརྒྱུད་པའི་ལུང་ལས་གདམས། །ཚེ་འདི་གློག་གི་ཟློས་གར་ལྟ་བུ་ལ། །བདག་བདེ་འདོད་རྣམས་སྔགས་ཀྱི་ལམ་སྒྲུབ་ན། །འདི་ཕུང་ཕྱི་ཕུང་སྒྲུབ་པར་མི་འཚལ་གྱི། །འདི་སྐྱིད་ཕྱི་བདེ་བསྒྲུབ་པར་ཅིས་མི་རིགས། །དེ་བས་དྲེགས་པ་མཆོད་བསྒྲུབ་མི་རུང་ཉེས། །བཀག་པ་མིན་མོད་ཡི་དམ་བསྙེན་བསྒྲུབ་དང༌། །རྣམ་དཀར་དགེ་བའི་ཕྱོགས་ལ་བརྩོན་པའི་ཞོར། །ཅུང་ཟད་ཙམ་ལས་ཆེད་གཏད་བརྩོན་མི་བྱ། །དེ་བཞིན་དྲག་པོའི་སྔགས་དང་དྲག་པོའི་ལས། །ཟབ་མོ་སྔགས་ཀྱི་དགོངས་སྤྱོད་ལྡན་གྱུར་ན། །ལས་དང་རིག་སྔགས་ཀུན་ལས་ཟབ་མོད་ཀྱི། །ཕལ་ཆེར་ཚེ་འདིའི་ཆེད་དུ་རྩོམ་པ་མེད། །དེ་ལྟར་གྱུར་ན་སྔགས་ལོག་སྤྱོད་པ་ཡིས། །འདི་དང་ཕྱི་མར་རྩུབ་མོའི་རྣམ་སྨིན་ཆ། །ཡང་དང་ཡང་མྱོང་དེ་ལ་དགོས་པ་ཅི། །དེ་བས་འདི་བདེ་ཕྱིས་བདེ་མི་དགའ་འམ། །དྲེགས་པ་མ་བསྟེན་དྲག་སྔགས་མ་བསྒྲུབ་ཀྱང༌། །ཁ་རོག་འདུག་རྣམས་དགྲ་འདྲེས་མི་འཚེ་མང༌། །དྲེགས་པ་བསྟེན་ཅིང་དྲག་སྔགས་བསྒྲུབ་རྣམས་ཀྱང༌། །དགྲ་དང་བགེགས་ཀྱིས་འཚེ་བ་མེད་པ་མིན། །སེམས་ཅན་གཞན་གྱི་ཀླད་པའི་ནད་ཙམ་ཞིག །བསལ་འདོད་ཕན་སེམས་ཡོན་ཏན་རྒྱ་ཆེ་ཞེས། །རྒྱལ་བའི་བཀའ་ལས་བྱུང་ཕྱིར་བསམ་བཟང་གི །རྣམ་དཀར་ཅུང་ཟད་ཙམ་ཀྱང་འབྲས་བུ་ཆེ། །རང་སྣང་དགྲར་ལང་དགྲ་འདྲེའི་དོགས་པ་ཡིས། །དགྲ་སོད་བགེགས་འདུལ་དམོད་ངན་བསམ་ངན་ལ། །ཉིན་མཚན་རྒྱུན་མར་གོམས་པའི་ཞེ་སྡང་ཅན། །འདི་སྐྱིད་ཕྱི་བདེའི་གོ་སྐབས་ཇི་ལྟར་འབྱུང༌། །དེ་བས་རྒྱུ་འབྲས་བསླུ་བ་མེད་པ་འདི། །རྒྱལ་པའི་གསུང་གི་ནང་ན་ཉམས་ལེན་ཆོས། །མེད་མི་རུང་བ་གཅིག་པུར་ཤེས་བྱས་ནས། །རང་བདེ་འདོད་རྣམས་དགེ་བའི་རྒྱུ་ལ་འབོད། །རང་ལ་བདེ་འབྲས་སྨིན་པའི་རྒྱུ་ཡོད་ན། །ལྷ་མཆོད་འདྲེ་བརྡུང་མི་དགོས་རང་བསམ་འགྲུབ། །རང་ལ་བདེ་པའི་སྐལ་བ་མི་ལྡན་པས། །ལྷ་མཆོད་འདྲེ་བཀར་བརྒྱ་ཕྲག་བརྩོན་ཀྱང་ཅི། །དེ་ཕྱིར་དྲེགས་པ་མཐུ་རྩལ་ཅན་རྣམས་ལ། །ལུང་བཞིན་དམ་ཚིག་ལྡན་པའི་རྣལ་འབྱོར་པས། །གཞུང་བཞིན་མཆོད་དང་སྒྲུབ་པའང་བཟང་མོད་ཀྱང༌། །དེ་བས་རྩ་གསུམ་ལྷ་ལ་བསྟེན་པ་གལ། །ཚོགས་གཉིས་ཡོངས་རྫོགས་རྒྱལ་དང་རྒྱལ་བའི་སྲས། །བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་ཙམ་ཞིག །དྲན་པ་དེ་ཡང་འདི་ཕྱིར་དོན་ཆེ་བས། །སྐྱིད་ཀྱང་སྡུག་ཀྱང་དེ་ལ་ཡིད་རྟོན་ཕེར། །མཆོད་མཆོད་བརྟེན་བརྟེན་ཚེ་གང་འབད་ན་ཡང༌། །དངོས་གྲུབ་མ་མཐོང་འཁུ་ལྡོག་མཐོང་བ་ཡི། །འཚུབ་སྣང་རྦ་ལ་འཕྱོ་ཞིང་སྔགས་གཟུགས་པ། །ཕལ་ཆེར་རང་སྣང་ལྷ་འདྲེས་བརླམ་སྟེ་འཁྱམས། །གསོན་པའི་དུས་སུ་འབད་པ་རྒྱ་ཆེ་ཡང༌། །དབུལ་ཞིང་བདེ་འབྲས་ཉུང་བཞིན་ཚེ་ཟད་ནས། །འཕེན་པའི་དབང་གིས་ལྷ་འདྲེའི་གཡོག་ཏུ་སྐྱེས། །གྲོང་ཁྱེར་ཉུལ་ཞིང་ཟ་འདྲེ་བྱེད་ལ་རྒྱུ། །དེ་ལྟར་ཡི་དམ་བཟླས་པ་ཐུན་གཅིག་དང༌། །བློ་སྦྱོང་བྱང་སེམས་རྣམ་དཀར་དགེ་ཚོགས་ལ། །སྔ་དྲོ་གཅིག་གི་ཉམས་ལེན་མི་ནུས་པར། །རྒྱུན་དུ་རྔ་བརྡུང་ལྷ་འདྲེ་མཆོད་དགའ་ཅན། །ཁྱོད་ཀྱིས་འདི་ཙམ་བརྩོན་པའི་འབྲས་བུ་དེ། །ཚེ་འདིའི་ཆེད་དུ་ཡིན་ན་ཚེ་འདི་ལ། །འདི་བྱུང་འདི་ཐོན་མེད་ན་ཚེ་ཟད་ནས། །འཆི་ཚེ་ཁྱོད་ལ་ལག་རྗེས་ཅི་འདུག་སོམས། །གལ་ཏེ་དེ་འདྲའི་གྲོང་སྔགས་ཁ་ཅིག་གིས། །མཐུ་དང་སྔགས་ཀྱི་སྙན་གྲགས་ཅུང་ཟད་ཞིག །ཐོབ་ཀྱང་གྲོགས་ཆུང་གཅིག་ན་ངོ་མཐོ་ཙམ། །དེ་བས་ལྷག་པའི་ཡ་མཚན་ཅུང་ཟད་མེད། །དེ་ལྟར་དོན་ཆུང་ཆེད་དུ་འབད་པའི་ཚབ། །རྣམ་དག་ཆོས་ལམ་འབད་ན་འདི་དང་ཕྱིར། །དེ་བས་རྒྱ་ཆེའི་བདེ་དང་གྲགས་པ་རྒྱས། །དེ་ཕྱིར་རང་མདོ་ཆུང་བ་མིན་ནམ་སོམས། །བདག་ནི་རང་གི་སྔོན་གྱི་བག་ཆགས་དང༌། །སྔ་རབས་རྣམས་ཀྱི་ཨ་ཕའི་ཁ་ལྟ་ཡིས། །དྲེགས་པ་མཆོད་དང་དྲག་སྔགས་སྒྲུབ་པ་ལ། །ཤིན་ཏུ་མོས་ཤིང་བརྩོན་པ་ཡིན་མོད་ཀྱི། །བླ་མ་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ལས། །རེས་གཅིག་བློ་ཡི་བསམ་དཔྱོད་ལེགས་ཤར་ནས། །དྲག་པོའི་སྔགས་ཀྱི་ལས་རྒྱུན་འཛུད་སྙམས་སོགས། །དོན་མེད་བསམ་དཔྱོད་འགའ་ཞིག་འདོར་བློ་སྐྱེས། །སྙིགས་མའི་སྐྱེ་བོ་ཚེ་འདི་ཆེད་འཛིན་རྣམས། །དྲག་སྔགས་ཤེས་ན་གཞན་གནོད་འབའ་ཞིག་རྩོམས། །བསྟན་པ་བསྲུང་བའི་ལྕགས་རིར་མི་འགྱུར་གྱི། །རང་ཕུང་གཞན་ཕུང་ཧ་ལ་ལམ་བསྐྱུར་འདྲ། །དེ་སྔ་གསང་སྔགས་རྙིང་མའི་ཆོས་སྡེ་ལ། །དྲག་སྔགས་སྣ་ཚོགས་ཟབ་རྒྱས་བྱུང་མོད་ཀྱི། །ཕལ་ཆེར་རང་འདོད་ཁོ་ནས་གཞན་གནོད་རྒྱུར། །སོང་གིས་དགོས་དུས་བསྟན་པ་སྲུང་མ་མཐོང༌། །བློ་སྦྱོང་གཙོར་བྱེད་བཀའ་གདམས་བསྟན་འཛིན་རྣམས། །དྲག་སྔགས་གནོད་སྦྱོར་མེད་ཀྱང་བསྟན་པ་འཕེལ། །བོན་དང་རྙིང་མ་དྲག་སྔགས་ལས་སྦྱོར་ལ། །དགའ་ཡང་བསྟན་པ་དེ་རྒྱས་བྱུང་ངམ་ཅི། །རྒྱུ་འབྲས་བསླུ་མེད་རྒྱལ་བའི་རང་ལམ་ཡིན། །བསམ་སྦྱོར་དགེ་བ་རང་ཕན་གཞན་ཕན་ཡིན། །གཞན་ཕན་ཚུལ་འཇམ་འདི་བཟང་ཕྱི་བཟང་ཡིན། །དེ་དག་ཨེ་བདེན་སྔར་བྱུང་རྣམས་ལ་ལྟོས། །དེ་བས་རང་ཕན་བསྟན་ཕན་འདོད་རྣམས་ཀྱིས། །བསམ་པ་བཟང་པོ་བྱང་ཆུབ་སེམས་བསྐྱེད་ལ། །སྦྱོར་བ་བཟང་པོ་ཡང་དག་ཆོས་བརྩོན་དང༌། །གནད་མེད་རང་འདོད་དྲག་སྔགས་སྒྲུབ་པ་དང༌། །དྲེགས་པ་མཆོད་ལས་བརྒྱ་སྟོང་འགྱུར་གྱིས་འཕགས། །རང་སྐྱིད་གཞན་སྐྱིད་ཆོས་སྲིད་རིགས་རྒྱུད་དང༌། །བཀྲ་ཤིས་ལས་མཐའ་བཙན་ཞིང་ཀུན་དང་མཐུན། །བསམ་སྦྱོར་རྩུབ་མོའི་ཆོས་སྲིད་རིགས་རྒྱུད་འཛད། །འདི་ནི་ཁ་ཙམ་མིན་པར་སྙིང་ནས་བརྗོད། །དོན་ལ་བདེན་ནམ་རྫུན་པ་ལེགས་པར་དཔྱོད། །བསམ་སྦྱོར་འཇམ་རྩུབ་ཅན་གྱི་མི་རྣམས་ལྟོས། །དཔེ་དང་གཏན་ཚིགས་དུ་མས་འདི་དོན་སོམས། །ཚིག་ནི་གང་ཤར་སྡེབ་སྦྱོར་སྤང་སྟེ་བྲིས། །འདི་དོན་འདི་འདྲར་གནས་ཞེས་བློ་ཡིས་དཔྱོད། །ལག་ལེན་འདི་དང་འདི་ལྟར་བཏབ་མཛོད་དང༌། །ཁྱེད་ཅག་ནམ་ཡང་བདེ་ནས་བདེ་བར་འགྲོ། །དེ་སྐད་མི་ཕམ་ཞེས་གྲགས་རྟོག་གེ་བ། །རྟོག་པའི་རྦ་ལ་གཡེངས་བཞིན་སྤང་ཀློག་གི །བྱ་བ་མང་བསྟེན་འབྲས་བུ་གཡེལ་བ་དེས། །གཞན་ཕན་བསམ་པས་གློ་བུར་ཉིད་དུ་བྲིས། །བསམ་པ་བཟང་པོའི་རྩ་བ་ལས་བྱུང་ཞིང༌། །སྦྱོར་བ་བཟང་པོས་ཡི་གེར་བཀོད་པ་འདིས། །དུས་མཐའི་ལམ་ལོག་གནས་སུ་གོམ་འཆལ་བ། །མང་ཞིག་དོན་ལྡན་ཆོས་དང་འཕྲད་པར་ཤོག །
རབ་ཚེས་ས་ཁྱི་(ཕྱི་ལོ་༡༨༩༨)བོད་ཟླ་༡༡ཚེས་༢༢ལ་རྫ་རྒྱལ་འཕེན་པོའི་རི་ཞོལ་རྫ་རྒྱལ་དགོན་ཞེས་གྲགས་པར་(འཇུ་མི་ཕམ་པས་)བྲིས་པ་དགེའོ། །མངྒ་ལཾ། །

No comments:

འཚོལ་ཞིབ།