ལྷོ་མཐའི་ནགས་ཚལ་སྟུག་པོའི་གྲུ་ངོགས་ཤིག་ན།།
མི་རྐྱང་ཚེ་མཐའ་ཆོས་ཀྱིས་སྣང་བས་བྲིད་དེ།།
གོམ་ཁ་རི་ལ་གཏད་པའི་ལམ་སྣེ་ཞིག་ནས།།
ཟ་ཟེད་གཡེང་བའི་སྟོང་པས་གནས་ཤིག་རྙེད་བྱུང་།།
༢༽
མི་མེད་དབེན་པའི་རི་འདབ་བྲག་སྐྱིབས་དེ་ན།།
འཇིག་རྟེན་སྣང་བ་རྫུན་པའི་བློ་ལ་བཅོལ་ཏེ།།
བདེན་དོན་སྙིང་ལ་སྒོམ་པའི་ཐུན་མཚམས་བར་ནས།།
མ་བསྒོམས་འཕྲུལ་གྱི་ཞལ་སྐྱིན་འོད་དུ་འཚེར་བྱུང་།།
༣༽
ཉི་མའི་དཀྱིལ་འཁོར་རྒྱལ་ཕུབ་རྩེ་ནས་ཡལ་སོང་།།
མི་རྟག་འདུ་འབྲལ་སྣང་བའི་བརྡ་རྟགས་ཐོན་འདུག།
དད་པའི་རྡོག་ཁྲིས་མཆོད་རྟེན་མཐའ་ནས་འཁོར་ཡང་།།
སེམས་ཀྱི་ཨ་ལོང་མཛེས་མའི་སྒེག་གྱིས་འཐེན་བྱུང་།།
༤༽
སེམས་ཀྱི་རྒྱུ་བ་འདུ་འཛི་སྟོང་གིས་གཟིར་ཞིང་།།
བཙུན་པའི་འདུན་མ་སྟོང་བསམ་མཁའ་ལ་ཐིམ་སོང་།།
ཆོས་པའི་རང་ཚུགས་སྲ་མོ་བྲག་རི་འདྲ་ཡང་།།
སྣང་བ་སྒེག་མོའི་བསླུ་བྲིད་ཐོག་བཞིན་བཙན་གི།
༥༽
ཟབ་གསང་ཆོས་ཀྱི་ཤེས་རབ་མཐའ་རྒྱ་མ་ཆོད།།
སྣང་བ་དབྱིངས་ལ་ཐིམ་པའི་གནས་ལུགས་མ་བརྙེད།།
བདེན་རྫུན་དབྱེ་བ་འབྱེད་པའི་དཔྱོད་ཤེས་བོར་སོང་།།
རྣམ་ཤེས་དྲི་རྟགས་ཁྲོད་ནས་རྒས་པོ་ཆགས་སོང་།།
༦༽
སྨྱུག་གུ་ཤོག་ངོས་བརླགས་པའི་ཆས་སུ་གྲུབ་ཀྱང་།།
རང་སྣང་རྗེན་པར་བརྗོད་པའི་འདུ་ཤེས་བཙན་པོ།།
དབང་མེད་ཐོད་ལ་བསྐོས་པའི་ལས་དབང་ཇི་བཞིན།།
མི་ཡི་མདུན་ནས་བགྲེང་སྟེ་ཐོལ་གྱིས་ཤོར་སོང་།།
ཧོར་བྷས་༢༠༡༤་༢་༢༦ཉིན་བྲིས།
No comments:
Post a Comment