
༡༽
ཐུན་གཅིག་རྨི་ལམ་ལས་གློ་བུར་འཕྲད་པའི།།
ལས་དབང་ལྷ་མོ་ལ་སྙིང་གཏམ་མ་བཤད།།
སེམས་གཏམ་རྡོལ་ཚད་ཀྱིས་ལེགས་སྐྱེས་མི་ཡོང་།།
གཟུགས་མེད་ལྷ་མོ་དེ་འཇའ་ལྟར་ཡལ་འགྲོ།།
༢༽
ཚུར་ལ་མི་འཁོར་བའི་ལས་དབང་དམར་པོ།།
ཚིག་སྣེ་ལྡབ་ལྡིབ་ཀྱིས་ཡིད་འགུལ་མི་ཐེབས།།
རྫུན་གཏམ་བཤད་པ་ལ་བྱང་ཆ་མེད་ན།།
རང་སེམས་ཆུང་ཆུང་དེ་བསླུ་བྲིད་ཐེབས་ཡོང་།།
༣༽
དམར་ཆུང་སེམས་པ་དེ་རྡོ་ཡིས་གྲུབ་འདུག།
བེན་པོའི་ཤ་ཚུགས་ལ་སྐད་ཆ་མ་བཤད།།
དྲང་བདེན་སྐད་སྒྲ་འདི་བྲག་ཆ་བཞིན་དུ།།
ལུང་པའི་ཕུ་ཞིག་ཏུ་གྲག་ནས་ཡལ་འགྲོ།།
༤༽
གཡོ་སྒྱུའི་ཟློས་གར་ལ་གོམས་པ་མེད་ན།།
ས་འབུ་ཕོ་མོ་ཚོའི་གྲལ་དུ་མ་འཚང་།།
རྒྱུ་འབྲས་བློ་མིག་ལས་ཚུལ་འཆོས་མི་ཤེས།།
རང་སེམས་ཆུང་ཆུང་དེ་བཙོན་དུ་བརྫང་ཡོང་།།
༥༽
སྣང་བ་ཟང་ཟིང་གི་འཁོར་བའི་གྲོང་ན།།
འགྲོ་བ་གསར་པ་ཚོ་སྤྱོད་པ་འཚུབ་པའི།།
ཡིད་ཆེས་སེམས་དཀར་གྱི་རྐང་ལམ་རལ་འདུག།
གཟབ་གཟའ་མ་བྱས་ན་གཡང་ལ་ལྷུང་འགྲོ།།
༦༽
ཁ་སང་གཏམ་བརྒྱུད་ལ་གྱེས་བརྡ་བྱས་ཏེ།།
དེ་རིང་འོད་སྣང་ལ་འགྲིག་རྟགས་མི་འགོད།།
སང་ཉིན་ཉི་ཤར་ལ་རེ་བ་མེད་པས།།
རྒྱུས་མེད་མི་ཡུལ་ལ་སྙིང་པོ་མི་འཚོལ།།
ཧོར་བྷས་༢༠༡༤་༨་༧ཉིན་བྲིས།
No comments:
Post a Comment