Sunday, 10 August 2014

མིང་སྲིང་རྫུན་སྒྲིག་གི་རཱ་ཁེའི་ཉིན་མོ།


རཱ་ཁེ་ཉིན་མོ་ཟེར་བ་འདི་ནི་རྒྱ་གར་གྱི་ཧིན་དྷི་བའི་གནང་བོའི་དུས་ནས་བྱུང་བའི་ཡུལ་སྲོལ་ཞིག་ཡིན། ཡུལ་འདིའི་མང་ཚོགས་ཀྱིས་བཤད་སྲོལ་ལྟར་ན་གནའ་བོའི་དུས་རབས་ཤིག་ཏུ་ཧིན་དྷི་བའི་རྒྱལ་ཁབ་ནང་རྒྱལ་པོ་སྟོབས་འབྱོར་མངའ་ཐང་ཅུང་ཟད་ཆེ་བའི་རྒྱལ་པོ་ཆེན་པོ་ཞིག་བྱུང་བ་དང་རིང་པོ་མ་འགོར་བར་རྒྱལ་པོ་བཀྲོངས། དེ་ནས་རྒྱལ་པོ་དེའི་རྒྱལ་སར་རྒྱལ་མོ་ཞིག་རྒྱལ་ཚབ་ཏུ་བསྐོས། འོན་ཀྱང་ཡུན་རིང་མ་འགོར་བར་རྒྱལ་ཕྲན་གཞན་གྱིས་རྒྱལ་མོ་དེ་ལ་ཐུབ་ཚོད་བཏང་བ་མ་ཟད་རྒྱལ་སའང་འཕྲོག་གྲབས་བྱས་པས། སྐབས་དེར་རྒྱལ་མོས་རྒྱལ་ས་འཆོལ་བར་དོགས་ནས་རྒྱལ་པོ་གཞན་ཞིག་དང་འབྲེལ་བ་བྱས་ཤིང་དེ་དང་མཉམ་དུ་སྤུན་མཆེད་སྒྲིག་སྟེ། རྒྱལ་པོ་གཞན་དང་མཉམ་དུ་མིང་སྲིང་དངོས་དང་འདྲ་བའི་དམ་བཅའ་བཞགས་པ་ཡིན་ནོ།།

དེ་ནས་རྒྱལ་མོས་མིང་པོ་རྫུན་མ་དེས་རྒྱལ་ཁབ་གཞན་གྱི་བར་ལ་དམག་འཁྲུག་དང་གཡུལ་འགྱེད་ཚད་མེད་བྱས་ཤིང་རྒྱལ་མོ་ལ་ལྷག་བསམ་རྣམ་དག་གིས་རོགས་པ་བྱས། ཕ་རོལ་འགྲན་ཡ་རྒྱལ་ཕྲན་གཞན་དེ་ཧ་ཅང་གི་དཔུང་འཐུག་པ་དང་། འགྲན་མི་བཟོད་པར་ཡོད་ཀྱང་། རྒྱལ་མོ་དང་རྒྱལ་པོ་གཉིས་མི་སྲིང་སྒྲིག་པའི་དམ་ཚིག་ལ་འགྱུར་བ་མེད་པར་ཕན་ཚུན་མིང་སྲིང་དངོས་དང་འདྲ་བར་གཅིག་རོགས་གཅིག་གིས་བྱས་ཏེ་གནས་སོ།།

བཤད་སྲོལ་ལྟར་ན། དེ་ནས་མུ་མཐུད་དེ་མོས་མྱིང་པོ་རྫུན་མ་དམག་ལ་འགྲོ་དགོས་པ་དང་། དམག་འཁྲུག་ཁྲོད་གཡུལ་སར་རྒྱལ་ཕྲན་གཉིས་ཀའི་དམག་མི་མང་པོ་ཤི་རྨས་སུ་བཏང་བ་སོགས་དཀའ་ངལ་རིམ་པ་མང་པོ་འཕྲད་དེ། གནས་སྟངས་དེའི་འོག་ཏུ་མིང་སྲིང་ཕན་ཚུན་ཁ་བྲལ་མི་འགྲོ་བའི་ངེས་པ་མེད་པའི་ཚད་དུ་ལྷུང་ཞིང་། སེམས་ཀྱི་གདུང་བ་མ་བཟོད་ནའང་མིང་པོ་རྫུན་མ་དམག་ལ་མི་འགྲོ་ཐབས་མེད་དུ་གྱུར། སྐབས་དེ་ཙམ་ན་རྒྱལ་མོས་མིང་པོ་རྫུན་མ་གཡུལ་ལས་རྒྱལ་བའི་སྨོན་ཚིག་དང་བཅས་སྐུད་པ་ལས་གྲུབ་པའི་སྲུང་སྐུད་སྙིང་རྗེ་མོ་ཞིག་མིང་པོ་རྫུན་མའི་ལག་པར་བཏགས་པ་དང་། མིང་པོ་རྫུན་མ་དང་རྒྱལ་མོ་གཉིས་གཡུལ་འགྱེད་སར་ལན་གྲངས་མང་དུ་སོང་བར་གྲགས་སོ།།
ཡུལ་ཁག་སོ་སོའི་རྒྱལ་ཕྲན་ཕན་ཚུན་འཐབ་མོ་མང་དུ་བཀྱེས་པའི་མཐར་མིང་པོ་རྫུན་མ་ཤོག་ཁག་ལ་རྒྱལ་ཁ་ཐོབ་པ་དང་། མིང་པོ་རྫུན་མ་དགའ་དྲག་ནས་རང་གི་སྲིང་མོའི་ཚབ་མཚོན་རྒྱལ་མོ་ལ་བྱ་དགའ་འམ་རྔན་པ་མང་པོ་འབུལ་བ་སོགས་བྱས་སོ།། དེ་ནས་རིམ་གྱིས་གོང་གི་གནས་ཚུལ་རྣམས་ཡུལ་ཕྱོགས་གང་སར་ཁྱབ་ཅིང་འབངས་མི་ཚོས་ཀྱང་ཤེས་རྟོགས་བྱུང་ཞིང་ཧིན་དྷི་བ་རྣམས་ཧང་སང་བ་དང་ཧ་ལས་པར་གྱུར་ཏོ།།
བརྒྱུད་རིམ་དེའི་ཁྲོད་མིང་པོ་རྫུན་མ་སྒྲིག་པའི་ལུགས་སྲོལ་དེ་རྒྱ་གར་གྱི་ཧིན་དྷི་བའི་ཡུལ་སྲོལ་རྩ་ཆེན་དུ་གྱུར་བ་དང་འདི་ལ་རཱ་ཁེ་ཉིན་མོ་ཟེར་བ་ཡིན། ད་སྐབས་རྒྱ་གར་ཧིན་དྷི་བའི་རིགས་ཚང་མའི་སྐྱེ་བོ་མཆོག་དམན་མེད་པར་ཕན་ཚུན་གྲོགས་པོ་གྲོགས་མོ་སོགས་ངོ་ཤེས་རྣམས་མང་པོ་ཞིག་གིས་སྲིང་མོ་བསྒྲིག་པ་དང་ལག་རྟགས་ཏེ་ལག་པར་འདོགས་ཏེ་རྔན་པ་སྤྲོད་རེས་བྱེད་ཅིང་། དུས་ཚོད་འདི་སྲུང་བརྩི་ཞུ་མཁན་ཧིན་དྷི་བས་འཚང་ཁ་ཤིག་ཤིག་ཡིན་ཞེས་བཤད་ན་ཐལ་ཆེ་ཡང་། ཧིན་དྷི་བ་གང་མང་ཞིག་གང་ས་གང་དུ་འདུར་བཞིན་ཡོད་པ་བརྗོད་དུ་མེད་དོ།།
ཉིན་འདིར་སྲིང་མོ་རྣམས་ཀྱིས་སྐུད་པ་སྣ་ཚོགས་ལས་སྒྲིམ་པ་དང་། གསེར་དངུལ་སོགས་དངོས་པོ་རིན་ཐང་ཆེ་ཆུང་འདྲ་མིན་ཀྱིས་བཟོས་པས་ལག་རྟགས་དེ་མྱིང་པོའི་ལག་པར་འདོགས་ཀྱིན་ཡོད། མིང་པོའི་སྲིང་མོ་ལ་ཕར་འདོད་པའི་དངོས་པོ་རྩ་ཆེན་དེ་འདྲ་རྔན་པ་སྤྲོད་པ་མ་ཟད། དེ་ལྟར་ཕན་ཚུན་དངོས་པོ་འདོགས་རེས་དང་། ལག་རྟགས་སྤྲོད་རེས་བྱས་ན་ལོ་གཅིག་གི་རིང་མིང་སྲིང་ཁ་མི་འབྲལ་བར་འཆམ་མཐུན་ཡོང་བ། ལས་ཀ་སོགས་བྱ་བ་ཐམས་ཅད་ལམ་ལྷོང་ཡོང་བར་རྟེན་འབྲེལ་རྩ་ཆེན་ཅན་དུའང་རྩི་བཞིན་ཡོད། དེ་ནི་སྔོན་ཆད་གོང་གི་རྒྱལ་པོ་དང་རྒྱལ་<མོ་གཉིས་མིང་སྲིང་རྫུན་མ་སྒྲིག་པ་དང་དམ་ཚིག་ལ་འགྱུར་བ་མེད་པ་སོགས་ཀྱི་ནུས་པ་དཔེར་མཚོན་དུ་བྱས་ནས་མི་གཞན་རྣམས་ཀྱིས་ཀྱང་དེ་ལྟར་བྱས་ན་གཅིག་པ་ལྟར་འབྱུང་སྲིད་པའི་ཡུལ་སྲོལ་ཞིག་ཡིན་འདུག་གོ།
ཧོར་བྷས་བྷི་རི་བོད་ཀྱི་གཞས་སྒར་ནས་་་ཕྱི་ལོ་་་༢༠༡༠་་་ཟླ་་་༠༨་་ཚེས་་་༢༤་་ལ་་་རཱ་ཁེ་་་་་ཉིན་བྲིས།།

No comments:

འཚོལ་ཞིབ།