གྲོང་ཁྱེར་བའི་སྐྱིད་སྣང་ནི་ཕྱིའི་མཐོང་སྣང་ཙམ་རེད།
ཕྱི་རོལ་བརྗིད་ཆགས་པའི་མཐོང་སྣང་དེ་ཡང་མདོར་བསྡུས་ན།
གཙང་སྦྲ་དོད་ཙམ་ལས་དོན་དམ་པའི་བདེ་བ་ཞིག་ཡོད་དམ་སྙམ་པའི་བསམ་བློའི་རྒྱུ་ཕྱོགས་དང་འགྲོག་ནས་དེ་རིང་གི་འགྲུལ་བཞུད་དེ་ཡང་གྲོང་ཁྱེར་བའི་ཀུན་སྤྱོད་ཁུར་སྟངས་ཞིག་ལ་བསམ་གཞིག་བྱས་མཐར་ད་གཟོད་ཁ་པར་ངོས་སུ་མཛུབ་མོ་འགུལ་སྤྱོད་བྱེད་འགོ་ཚུགས།
དེའང་ཐད་གར་བརྗོད་ན་གྲོང་ཁྱེར་བའི་མི་རྣམས་ཀྱི་སེམས་ཁམས་སྒོར་མོའི་བྲན་གཡོག་ཏུ་གྱུར་ཟིན་པ་དང་།
རང་གི་ནུས་པས་ཅི་ཡང་མི་ལྕོགས་པའི་བྱིས་པ་ཆུང་ཆུང་དག་གི་སེམས་ཁམས་ཀྱང་འགྲན་རྩོད་ཀྱིས་བཟི་ནས་འཐོར་རླུང་གཡོ་བ་ལྟ་བུ་ཞིག་ཆགས་ཡོད་པ་མཐོང་ཐུབ། དེ་ནི་དུས་རབས་ཀྱི་འགྲོས་ཤིག་དང་།
ཡང་ན་སྤྱི་ཚོགས་གསར་བའི་རང་གཤིས་ཡིན་པ་རེད་དམ།
དེ་རིང་ང་ནི་ལས་རླུང་གིས་བསྡུས་པ་ཇི་བཞིན་ལྷོ་
གནས་ནས་བྱང་ཁོག་འགྲིམ་པའི་འགོ་བཙུགས་ཏེ་ད་ལྟ་ལམ་དུ་བསྐྱོད་བཞིན་ཡོད།
ང་ཡོད་སའི་རླུང་འཁོར་འདི་ལྷོ་གནས་སྦེལ་ཀོབ་བོད་མིའི་མཉམ་འབྲེལ་གླ་འཁོར་རེད།
འདིས་སྦེལ་ཀོབ་ནས་བྷེང་ལོར་བར་བོད་མི་འགྲུལ་པ་ཡར་མར་སྐྱེལ་བསུ་བྱེད་བཞིན་ཡོད་ཅིང་གླ་ཆ་ཡང་དེ་ཙམ་ཆེན་པོ་མིན།
དེའི་ཕྱིར་དེ་རིང་ངའི་གཡས་གཡོན་དུ་བོད་མི་རྒན་གཞོན་གང་མང་ཞིག་ཡོད། དེའི་ཁྲོད་དུ་བུ་མོ་ལོ་ན་བཅུ་གཉིས་ཡས་མས་ཤིག་དང་མཉམ་དུ་དེ་ལས་ཅུང་ཆུང་བའི་བུ་ཞིག་དང་དེ་ལས་ཆུང་གྱི་བུ་མོ་ཆུང་ཆུང་བཅས་ངའི་གཡས་ཕྱོགས་ཀྱི་འདུག་སྟེགས་སྟེང་རྒྱབ་མདུན་བྱས་ཏེ་འདུག་ཡོད། དེ་ཚོ་ནི་གྲོང་ཁྱེར་བའི་བྱིས་པ་རེད། འགྲིམ་འགྲུལ་བའི་ཁྲོད་ཆེས་འཁྲུག་ཆ་དོད་ཤོས་ལྟ་བུ་གྱུར་ཡོད། ཐ་ན་སྐྲ་ལོ་འཇོག་སྟངས་དང་། ལུས་ལ་གྱོན་ཆས་དཀྲི་སྟངས་སོགས་དེང་རབས་ན་གཞོན་གྱི་སྒེག་ཆོས་ཆ་ཚང་ལྡན་པའི་རྣམ་འགྱུར་རེས་ཀྱང་མི་སེམས་སྒུལ་བར་བྱེད།
ཡང་གཅིག་བཤད་ན་མི་རབས་འདིའི་མ་འོངས་བའི་སོན་རྩ་རུ་འབོད་ཆོག་པ་དག་ཡིན།
དེ་དག་གི་ཁ་མིག་སྣ་གསུམ་རེ་རེ་ནས་སྤྱང་གྲུང་གི་འོད་སྣང་ལམ་ལམ་དུ་འཚེར་ཞིང་། བྱིས་པ་ཆུང་ཆུང་ཞིག་གི་ཚུགས་ཀ་ལས་འདས་ཏེ།
ཕྱིའི་གཟུགས་པོ་ཆེ་ཆུང་གི་ཚད་འཇལ་ན་མ་གཏོགས་ནང་བསམ་བློའི་དྲན་པ་དགུ་འགྱུར་ལས་རྒོད་ཅིང་། གཟབ་ནན་གྱིས་བྱིས་པ་ཚོའི་རྩེད་མོ་རྩེ་ས་ལ་བལྟས་ནས་བསྡད་ན།
རྣམ་རིག་བཀྲ་བའི་བྱིས་བློ་ཡ་མཚན་པ་དེས་ང་ཧང་སང་དུ་བཅུགས།
ཁ་ནས་བོད་སྐད་ལྡབ་ལྡིབ་རེ་དང་མཉམ་དུ་ཧིན་སྐད་དང་དབྱིན་སྐད་སྦྲགས་ནས་གློག་བརྙན་ག་གེ་མོའི་ནང་གི་རྣམ་འགྱུར་དང་བྱ་སྤྱོད་རྣམས་ཡང་ཡང་འཁྲབས་པར་བྱེད།
ད་དུང་རླངས་འཁོར་ཁ་ལོ་བའི་གཞས་སྣ་ཚོགས་ཤིག་བསྒྲགས་པས།
བྱིས་པ་འདི་གཉིས་ཀྱིས་དབྱིན་གཞས་དང་ཧིན་གཞས་གཉིས་སྤྲོ་སྣང་གིས་ཁ་ནས་གཏོང་ཞིང་། སྐབས་སྐབས་སུ་ལུས་ཀྱིས་བྲོ་གར་ཡང་འཁྲབས་གྲབས་རེ་བྱེད་འོང་།
སྐབས་རེར་གློག་བརྙན་ནང་གི་དཔའ་རྒོད་ཚོས་རྣམ་འགྱུར་སྟོན་པ་དང་། བྱིས་པའི་སེམས་ཁམས་རྦད་དེ་གློག་བརྙན་ནང་གཞིག་སྟེ། ཁོང་ཚོའི་གཅིག་གིས་གཅིག་ལ་དཔའ་བོ་དང་དཔའ་མོ་ཞེས་འབོད་དགོས་པ་མ་ཟད།
གློག་བརྙན་འཁྲབས་མཁན་སྐད་གྲགས་ཅན་རྣམས་ཀྱི་མིང་ནས་བོས་ཏེ།
ཅིག་ཅིག་དང་མིག་མིག་ལ་འདྲ་འདུག་ཅེས་སྤྲེལ་ལད་ཀྱང་འཁྲབས་དགོས་ཀྱི་འདུག
དེ་ལྟ་བུའི་སྐད་ཆ་རེ་བཤད་མཐར་བུ་མོ་དེ་གློག་བརྙན་ནང་གི་ཟློས་གར་མའི་འཕྱོར་སྒེག་ལ་འཇུག་པ་དང་།
བུ་ཆུང་ནི་ཕོ་སར་ཚོས་རྫིག་ཉམས་སྟོན་པའི་རྣམ་འགྱུར་ལ་བློ་སེམས་རྩེ་གཅིག་ཏུ་གཡེང་འགྲོ་ཞིང་།
ལན་རེར་སྤྱོད་པ་ཧ་ཅང་གི་འཚུབ་པོས་ཁུ་ཚུར་བསྣུན་རེས་དང་།
ལག་པས་སྦར་འཇུ་རེས་བྱེད་ཅིང་། ཐུབ་ཚོད་ཀྱིས་འཐེན་རེས་ཚོད་མེད་དུ་བྱེད་ཀྱི་འདུག ད་དུང་ཧིན་དྷི་བའི་གློག་བརྙན་ནང་གི་འཛིང་རེས་བྱེད་སྐབས་ཀྱི་གདུག་ར་བསྐུལ་བའི་ཚིག་ངན་དག་བེད་སྤྱད་དེ་ཤ་གཏུབ་འཇོག་གི་ཡིན་དང་།
ཁྲག་འཐུང་ན་ཡང་སྙིང་མི་ཚིམ་པའི་སྐད་ཆ་འཇིགས་ཡེར་པོ་དག་བཤད་ཡོང་།
སྐབས་རེར་ཕོ་གཞོན་མོ་གཞོན་ཚོས་དགའ་རོགས་འཁྲབས་སྐབས་ཆག་གཏམ་དང་བརྩེ་གཏམ་དམར་ལྗེན་དུ་འབོད་རེས་བྱེད་ཅིང་།
མིང་པོ་དང་སྲིང་མོའི་བར་གྱི་ངོ་ཚ་ལ་འཛེམས་སྲོལ་ལས་བརྒལ་ཏེ་རྒྱ་ཡན་གྱི་ནུབ་ལུགས་ཀྱང་འདི་བདྲ་ཞིག་ཨེ་ཡིན་ན་བསམ་པ་ཞིག་རེད།
གང་ལྟར་བྱིས་པའི་སེམས་ཁམས་གློག་བརྙན་དག་གིས་ཤུགས་རྐྱེན་འོག་རྒྱུན་ལྡན་གྱི་ཀུན་སྤྱོད་དགའ་ན་གློག་བརྙན་ནང་གི་དགའ་སྟངས་དང་།
ཁྲོ་ན་གློ་བརྙན་ནང་གི་ངར་སྒྲ་ཁ་ནས་འབྱིན་སྟངས་ཚུན་ཆད་ཆིལ་ཆིལ་དུ་རང་དབང་མེད་པར་རྡོལ་ཡོང་གི་འདུག
དེ་ལྟའི་ངང་དུས་ཚོད་ནི་སྐད་ཅིག་སྐད་ཅིག་གིས་འདས་ཏེ་དུས་ཡུན་རིང་དུ་ཕྱིན་ན་ཡང་། རླངས་འཁོར་ནང་གི་མི་ཁ་ཅིག་ནི་ཁ་གདངས་ནས་གཉིད་དུ་ཡུར་བ་དང་། འགའ་རེ་ནི་ཁ་པར་ནང་དུ་འཛུལ་མི་འགྲོ་འམ་སྙམ་པས་གཡེང་ནས་བསྡད་ཡོད་ལ།
ལ་ལ་ནི་རྣར་ཉན་རེ་ཨམ་ཆོག་ནང་བཞག་སྟེ་གླུ་དབྱངས་ཀྱི་དག་ཞིང་དུ་སྣང་བ་དབྱངས་ལ་ཐིམ་འགྲོ་ཞིང་།
གྲོང་ཁྱེར་བའི་མི་རྣམས་ཀྱིས་ཅི་ལ་ཡང་སེམས་ཁུར་མེད་པའི་རྒྱ་ཡན་པའི་སྤྱོད་པ་དེ་དེ་འདྲ་ཞིག་ཡིན་ཚོད་རེད།
ང་ནི་དེ་རིང་བར་ལུང་ཁུག་གི་གྲོང་གསེབ་ཀྱི་དགོན་པའི་ནང་ལུས་སོང་བའི་བསམ་བློ་གུ་དོག་སོང་བ་ཡིན་ནམ།
བྱིས་པའི་ཀུན་སྤྱོད་འདི་དག་ལ་གཏན་ནས་འཐད་པ་མེད་ལ།
འདི་ལྟར་བྱས་ན།
མི་རིགས་སྟོབས་ཆེ་ཆུང་སུ་ཡིན་ཡང་འགྲིག་ཐབས་མེད་པའི་སེམས་ཁུར་འཕར་མ་ཞིག་སེམས་ལ་འཁོར་ནས་སེམས་ཀྱིས་སེམས་མི་ནོན་པའི་ཚད་དུ་ལུས་ཡོད། བྱིས་པའི་སེམས་ཁམས་སུ་འདི་ལྟར་བག་ཆགས་འཇོག་པ་ནི་གཏན་ནས་རིགས་ཤིང་འོས་པ་ཞིག་མ་རེད་ལ།
ཕ་མ་དགེ་རྒན་དག་གིས་འགན་ཁུར་དགོས་པའི་དོན་གནད་ཅིག་རེད་ཨང་།
སྐབས་འདིར་ངས་ལོ་མང་འདས་པའི་ཡར་སྔོན་གྱི་ལོ་རྒྱུས་ཤིག་དྲན་འོང་།
དེ་ནི་ཕྱི་ལོ་༡༩༩༨ ཡས་མས་ཤིག་ལ་ བླ་རུང་གི་གྲྭ་ཆུང་ཁག་ཅིག་གིས་དེང་སང་བྱིས་པའི་རྩེད་ཆས་སུ་སྤྱོད་བཞིན་པའི་འགྱིག་གི་ཐུང་མདའ་རྫུན་མ་ཉོས་ནས་རྩེད་མོ་རྩེ་བཞིན་པ་དང་། སྐབས་དེར་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་མཆོག་ནས་གཟིགས་འཕྲལ། ཕྱིར་ཉིན་ཆོས་ཁྲིད་གནང་སྐབས་ཚོགས་མང་ནང་ཐུགས་བློ་ཤིན་ཏུ་མི་བདེ་བའི་ཚུལ་གྱིས།
སྒར་འདིར་འདི་རིགས་བཙོང་བ་དང་། ཉོས་ནས་རྩེད་ཆས་སུ་སྤྱོད་མི་རུང་བའི་བཀའ་སློབ་ནན་པོ་གསུངས་གནང་མཛད། འདི་ནི་མི་ཆོས་དང་ལྷ་ཆོས་གཉིས་ཀའི་ལུགས་དང་མི་མཐུན་པའི་ངན་སྤྱོད་ཅིག་ཡིན་ཚུལ་གསུངས་གནང་མཛད་རྗེས་དེ་མ་ཐག་མེད་པ་བཟོས་པ་རེད།
སྤྱིར་རྩེད་ཆས་ཙམ་ལ་བསམ་ན་བྱ་བ་ཆུང་ཆུང་ཞིག་རེད།
ཡིན་ན་ཡང་། མེ་མདའ་སོགས་འཚོན་ཆ་རིགས་ཀྱིས་རྩེད་མོ་རྩེ་བ་ནི་རྫུན་མ་ཡིན་ཡང་ཅུང་ཟད་མི་འོས་པ་ཞིག་ཡིན་ཏེ།
བྱིས་པའི་སེམས་ཁམས་སུ་འདི་ལྟར་བག་ཆགས་འཇོག་མི་རུང་བ་ལ་དགོངས་པ་དང་། བསམ་བློ་ཡག་པོ་ཞིག་བཏང་ན་མིའི་རིགས་ཀྱི་བདེ་འཇགས་དང་འབྲེལ་བ་དམ་པོ་ཡོད་ལ།
དེ་ལྟར་འདི་ནི་འཛམ་གླིང་ཞི་བདེ་འདོད་མཁན་ཐུན་མོང་གི་འགན་དབང་གལ་ཆེན་ཞིག་ཏུ་གྱུར་ཡོད།
འདི་ལྟ་བུའི་བག་ཆགས་ཀྱིས་བཟི་བའི་བྱིས་པ་མང་པོ་ཞིག་གིས་མི་ལ་མེ་མདའ་གཏད་ནས་གསོད་བཞིན་པའི་རྣམ་འགྱུར་སྟོན་ཡོང་བ་མ་ཟད།
ཐ་ན་ལག་པས་ཀྱང་ཐུང་མདའི་རྣམ་པ་བྱས་ཏེ། མིག་ཡ་གཅིག་བཙུམ་པ་དང་མི་གཞན་པ་འབེན་དུ་བཟུང་ནས་ཁ་ནས་ཐག་ཐག་ཟེར་བ་སོགས་དོན་མེད་ཀྱི་མི་ལ་ཆེད་དུ་མེ་མདའ་འཕེན་ཚུལ་སྟོན་ཡོང་བ་ནི། གཅིག་བྱས་ན་བསམ་ཡུལ་ལས་འདས་པའི་ཟློས་གཟུགས་ཤིག་ཡིན་དང་རྨི་ལམ་ཡིན་ཆ་མི་འཚལ་བར་གྱུར་ཡོད།
དེང་སང་འཛམ་བུ་གླིང་དུ་འཇིགས་བསྐུལ་རང་ལུགས་པ་དང་། མི་རིགས་སྟོབས་ཆེན་དག་གིས་མི་རིགས་ནུས་མེད་དག་ལ་བཙན་གནོན་དང་བཤུ་གཞོག་བྱས་ཏེ་ཞི་བདེ་ལ་རྨ་ཁ་བཟོ་བཞིན་པ་ནི་བསམ་ཡུལ་འདས་པ་ཞིག་ཡིན་ཏེ་བཤད་དུ་མེད།
དེ་ལས་ཀྱང་ཐ་ན་གློག་བརྙན་ཟློས་གར་རྣམས་ལོ་རྒྱུས་དངོས་བྱུང་དང་མཐུན་མིན་གང་ལྟར་གློག་བརྙན་ཁག་གིས་ཤུགས་རྐྱེན་ལ་བརྟེན་ནས།
དེ་ལ་ལད་ཟློས་བྱེད་མཁན་གང་མང་གིས་ས་གོ་ལའི་འཇིག་རྟེན་གྱི་ཞིང་འདིར་མི་གསོད་ཁྲག་སྦྱོར་གྱི་གཏམ་བརྒྱུད་དངོས་མ་ཅི་རིགས་པ་བཤམས་ཡོད་པ་དེང་གི་བྱིས་པ་འདི་ཚོས་ཀྱང་སྔོན་བརྡ་གཏོང་བཞིན་པ་མ་ཡིན་ནམ།
འདི་ལྟར་ང་ཉིན་ཞིག་བྱང་ཁོག་གི་སྲང་ལམ་ཞིག་དུ་གོམ་པ་རྒྱབ་ནས་འགྲོ་བཞིན་པ་དང་།
རླངས་འཁོར་ཆུང་ཆུང་ཞིག་གི་སྒེའུ་ཁུང་ལས་བྱིས་པ་ཞིག་གིས་ལག་པའི་མེ་མདའི་ཕྱག་རྒྱ་དང་ལྷན་མེ་མདའ་འཕེན་པའི་གཟོལ་བསྟན་བྱུང་བས། སྐབས་དེ་ཙམ་ན་འདིར་གོང་ནས་བཤད་ཡོད་པའི་གཏམ་བརྒྱུད་ཐུང་ངུ་དང་བཅས་པ་སེམས་ལ་འཁོར་ནས་ཕྱིར་དྲན་བྱས།
ད་དུང་ང་ལ་དགེ་རྒན་ཡིན་ཟེར་མཁན་ཞིག་གིས་ཀྱང་བྱིས་པས་རྣམ་འགྱུར་འདི་དང་ཇི་མ་ཇི་བཞིན་སྟོན་པ་སོགས་ཀྱི་གནས་ཚུལ་འདི་དག་ལ་བསམས་ན་སེམས་གཏིང་ནས་འཇིག་རྟེན་པ་ལ་ཞེན་པ་ལོག་པ་མ་ཟད། སེམས་སུ་ང་ཆུང་དུས་གཟུགས་མེད་ཀྱི་འདྲེ་ལ་ཤིན་ཏུ་སྐྲག་མྱོང་ཡང་།
ད་ནི་འཇིག་རྟེན་གྱི་མི་ལ་སྐྲག་གི་ཟེར་བའི་སྐད་ཆ་དེ་ཁ་ནས་རང་དབང་མེད་པར་ཤོར་འོང་།
ད་མདོར་བསྡུས་ཏེ་བཤད་ན། ང་རང་ངོས་ནས་ཡུལ་ཕྱོགས་འདི་གར་འཚར་ལོངས་བྱུང་བའི་བོད་པ་དག་དང་འབྲེལ་འདྲིས་ཆེན་པོ་མེད། དེའི་དབང་གིས་དེ་རིང་ལྟ་བུ་ང་ཚོ་ཕན་ཚུན་མཐོང་ཐུག་གི་གོ་སྐབས་ཀྱང་ཤིན་ཏུ་ཕྲ་བས།
ཁ་འཐོར་བ་ཕྱི་ཡུལ་རང་དུ་འཚར་བའི་བོད་པའི་གནས་སྟངས་གཏིང་ཚུགས་པོ་ཞིག་གཏན་ནས་བཤད་ཐབས་བྲལ་བ་ཞིག་རེད།
ཡིན་ན་ཡང་། རྣམ་ཤེས་གསོན་པོ་གནས་པའི་མི་རིགས་ཚང་མ་རིགས་བརྒྱུད་ཀྱི་འདུ་ཤེས་དེས་དམ་དུ་སྦྲེལ་ནས་ཡོད་ཅིང་།
རྣམ་ཤེས་དང་ཀླད་རྩའི་ནང་དུ་གཡམ་རྒྱུགས་ཀྱི་ནད་འབུ་ངན་པ་འགའ་རེ་འཚང་ནས་ཕ་མེས་ཀྱི་དྲན་ཤེས་དང་རིགས་ཞེན་ཉམས་པར་གྱུར་ན་ནི་བཤད་ཚོད་མི་ཐུག་མ་གཏོགས།
གཞན་དུ་ན་རིགས་བརྒྱུད་ལ་བརྟེན་ནས་འཚོ་བ་སྲོག་ལྡན་ཡོངས་ཀྱི་གཤིས་ལུགས་སུ་གྲུབ་སྟབས།
ཤ་རུས་ཁྲག་སུམ་གྱི་དྲི་མ་མ་ཡལ་བའི་བོད་རིགས་ཚོ་ལ་སེམས་ཁུར་དང་དོ་སྣང་ངང་ངམ་ཤུགས་ཀྱིས་སླེབས་པ་དགོས་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་མིའི་འགྲོ་བ་ཡང་འཛམ་གླིང་གཞན་གྱི་འགྲོ་བ་དང་འདྲ་ཕྱིར།
རིགས་ཞེན་ནི་ནམ་ཡང་འདོར་ཐབས་མེད། བོད་པ་རྣམས་བདེ་ན་དགའ་ཞིང་སྐྱིད་ན་དེ་བས་དགའ་ལ། ངེད་ཅག་སྡུག་ན་མི་དགའ་ཞིང་སྡུག་གི་ལས་སྐལ་མཉམ་ཁུར་བྱེད་པ་ནི་ལྡོག་ཏུ་མེད་པའི་ལས་དབང་ཞིག་ཏུ་གྱུར་ནས་ངའི་མི་ཚེ་འདི་མ་རྫོགས་བར་སུས་ཀྱང་བཅོས་པ་དང་བསྒྱུར་དུ་མེད་དོ།།
No comments:
Post a Comment