Sunday, 9 February 2014

མཐོ་སྒང་བའི་ལོ་གསར།

བོད་ཀྱི་ལོ་སར་ནི། བོད་དང་ཧི་མ་ལ་སོགས་ཕ་མེས་ཡང་མེས་ཀྱི་ཆོས་དང་རིག་གཞུང་། ཡུལ་ལུང་གོམས་གཤིས་གཅིག་གིས་སྦྲེལ་བའི་མཐོ་སྒང་བ་ཡོངས་ཀྱི་ཐུན་མོང་གི་དུས་ཚིག་ཁྱད་པར་བ་ཞིག་དང་། འདི་ལ་ལོ་རྒྱུས་ཀྱི་ཕུག་རྒྱང་རིང་བའང་བཤད་རྒྱུ་ཡོད་ངེས་ཡིན། མི་ལོ་སྟོང་ཕྲག་མང་པོ་ནས་བརྒྱུད་ཡོང་བའི་ལོ་སར་འདི་རང་རེ་ཐུན་མོང་གིས་བདག་པོ་བྱེད་པ་དང་། རྡོག་རྩ་གཅིག་དྲིལ་གྱི་སྒོ་ནས་དུས་སྟོན་ལ་མཉམ་རོལ་བྱས་ན་མ་འགྲིག་པ་གང་ཡང་མེད་ངེས་སུ་འདོད་དོ།།
 
དེ་ལ་ཐོག་མར་ལོ་སར་བྱེད་སྲོལ་འདི་འཛམ་གླིང་གང་ནས་བྱུང་། ཐོག་མ་སུས་བྱས་པ་ཡིན་སོགས་དཔྱད་ན། འུ་ཅག་མཐོ་སྒང་བ་རྣམ་ལ་མེད་པ་ཞིག་དང་། མི་རིགས་གཞལ་ལ་ཆེས་ཐོག་མ་ནས་ཡོད་པ་ཞིག་གཏན་ནས་མིན། སྐྱེས་བུ་ཁག་ཅིག་གིས་ང་ཚོའི་ལོ་སར་ལ་ཁུངས་ལུང་མེད་སྙམ་པ་དང་། ཕྱི་རོལ་གྱི་ལོ་སར་རྩ་ཆེན་འཛིན་པའི་ལྟ་ཚུལ་སོགས་ཡོད་སྲིད་ཀྱང་། འདི་ནས་ཅིས་ཀྱང་ཤེས་དགོས་པ་ཞིག་ལ་ལོ་སར་ནི། འཛམ་གླིང་བ་ཐུན་མོང་གི་དུས་ཚིགས་གསར་པ་བསུ་བའི་ལུགས་སྲོལ་ཞིག་ཡིན་པས། ལོ་སར་བྱེད་སྲོལ་འདི་ཡིན་ཞེས་ལོ་རྒྱུས་ནང་མ་འཁོད་བ་ཙམ་དང་། དུས་དེ་ཙམ་ནས་ལོ་སར་ཟེར་བ་ཞིག་བྱུང་ཞེས་བསྒྲགས་མ་མྱོང་བ་སོགས་ལ་བསམས་ནས། མེས་པོའི་རིག་གཞུང་ལ་མཐོང་ཆུང་བྱེད་པ་ལ་རྒྱུ་མཚན་མེད་ཅེས་བཤད་ཆོག ལོ་རྒྱུས་ལ་འཁོད་དགོས་པ་མང་པོ་མ་བྲིས་ནས་ལུས་སོང་བ་དང་། བཀོད་ཟིན་པ་འཕྲོ་བརླག་ཤོར་བ་དང་་བསམ་བཞིན་དུ་རྩ་མེད་བཏང་བ་སོགས་ལོ་རྒྱུས་ལ་ཡག་ཉེས་དང་དར་རྒུད་མང་བའི་སུས་ཀྱང་འདི་དང་འདི་འོ་ཞེས་ཁ་མཚམས་འབྱེད་དཀའ་བ་ཡིན།



ཧི་བོད་ལོ་སར་གྱི་བྱུང་རིམ་ལ་བསམ་ན་འཛམ་གླིང་ནང་སྔ་ཤོས་གྲས་སུ་ཚུད་ཡོད་དེ། དཔེར་ན། སངས་རྒྱས་ཤཀྱ་ཐུབ་པའི་མཛད་པ་བཅུ་གཉིས་ནང་དུ། སྟོན་པ་ལ་བདུད་ཀྱི་ཆོ་འཕྲུལ་སྣ་ཚོགས་བསྟན་པ་གྲགས་པ་དང་། སངས་རྒྱས་ཀྱིས་བདུད་བཏུལ་བར་མཛད་ཅིང་། མི་མཐུན་པའི་ཕྱོགས་ཀུན་ནས་གཡུལ་ལས་རྒྱལ་བའི་དུས་ཚིགས་དང་། བོད་ཟླ་དང་པོ་གཉིས་མཉམ་དུ་འཁེལ་ཡོད། དེ་ལ་བརྟེན་ནས་བོད་ཟླ་དང་པོ་ལ་ཆོ་འཕྲུལ་ཟླ་བ་ཞེས་འབོད་ཀྱིན་ཡོད། དེའི་དབང་དུ་བཏང་ན། བོད་རྒྱལ་ལོ་མ་ཚེས་པའི་ལོ་ངོ་ལྔ་བརྒྱ་ལྷག་གི་ཡར་སྔོན་ནས་སྟོན་པ་ཤཀྱ་ཐུབ་པ་བདུད་དཔུང་གི་གཡུལ་ལས་རྒྱལ་བའི་དུས་ཚོད་དེའི་སྟེང་དུ་ཆོས་ཀྱི་བྱེད་སྒོ་ཞིག་སྤེལ་སྲོལ་ཡོད་པ་བསྙོམ་དུ་མེད་པ་དང་། ཕྱིས་སུ་བོད་རྒྱལ་ལོ་ཐོག་མ་དབུ་ཚུགས་པའི་དུས་དང་སྟོན་པ་གཡུལ་ལས་རྒྱལ་བའི་དུས་ཚིགས་གཉིས་སྟབས་གཅིག་ཏུ་འཁེལ་ཡོད་པ་གསལ་པོར་ཤེས་ནུས་སོ།། དེ་ལྟར་ན་ཆོ་འཕྲུལ་དུས་ཆེན་དང་བོད་ཀྱི་ལོ་སར་གཉིས་ལ་ཕན་ཚུན་འབྲེལ་བ་ཞིག་ཏན་ཏན་ཡོད་ཅིང་། ལོ་རྒྱུས་ཀྱི་བརྒྱུད་རིམ་འདིའི་ནང་ཆོ་འཕྲུལ་དུས་ཆེན་གྱིས་བོད་ཀྱི་ལོ་སར་ལ་ཤུགས་རྐྱེན་ཞིག་སྤྲད་མེད་པ་བཤད་དཀའ་བས། དེའི་དབང་དུ་བཏང་ན་ང་ཚོའི་ནི་འཛམ་ནང་ལོ་སར་ནི་སྔ་ཤོས་ཤིག་ཡིན་པའང་གསལ་བཤད་བྱས་ཡོད་པ་ཡིན། དེ་བཞིན་དུ་ད་ལྟའི་སྐབས་ཀྱང་མཐོ་སྒང་བའི་ཡུལ་གྲུ་མང་ཆེ་བའི་ནང་དུ་བོད་ཀྱི་གནམ་ལོ་དང་པོའི་ཚེས་གཅིག་ནི་འཆོད་འབུལ་བྱེད་པ་སོགས་ཆོས་ཀྱི་བྱེད་སྒོ་མང་པོ་སྤེལ་བའི་སྲོལ་རྒྱུན་གཞན་གྱིས་མ་སླད་པར་ལྷག་ཡོད་པ་འདི་ལ་བལྟས་ན། ཧི་བོད་མཐོ་སྒང་བའི་ལོ་སར་ནི་ཆོས་ལུགས་དང་འབྲེལ་བའི་དུས་སྟོན་ཞིག་མིན་པ་བཤད་དཀའ་བ་གྱུར་ཡོད། དེ་ལ་བརྟེན་ནས་ང་ཚོའི་ལོ་སར་འདི་ལོ་རྒྱུས་ཀྱི་ཆ་ནས་ཀྱང་སྔ་ཤོས་གྲས་སུ་ཚུད་ཡོད་པ་དང་། ལོ་རྒྱུས་ཀྱི་བྱུང་རིམ་བཙལ་ཡང་སྔ་མོ་ཞིག་ནས་བྱུང་ཡོད་པ་ལ་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་ཡིན་ནོ།།

སྤྱིར་བཏང་ལོ་སར་ནི་འཛམ་གླིང་བ་ཀུན་གྱིས་ཐུན་མོང་དུ་འདོད་མོས་ཡོད་པའི་སྲོལ་རྒྱུན་ཞིག་ཆགས་ཡོད་པ་ཡིན། མི་རིགས་དང་རྒྱལ་ཁབ་ཆེ་ཆུང་སུ་འདྲ་ཞིག་ཡིན་ཡང་། ཕན་ཚུན་ལྟོས་གྲུབ་རང་བཞིན་དུ་གནས་ཡོད་སྟབས། མི་རིགས་སོ་སོའི་ཐོག་མ་གདོད་མའི་གོམས་གཤིས་དང་། ཕ་མེས་ཀྱི་རིག་གཞུང་སོགས་ཕན་ཚུལ་འབྲེལ་ནས་ཡོད་པའི་ལམ་དང་ལུགས་སྲོལ་གང་ཡོད་པ་རྣམས་ལ་སྲོག་ལྟར་གཅེས་སྤྲས་བྱེད་ཅིང་། དེའི་ཁྱད་ནོར་ལ་རིན་ཐང་ཡོད་པར་ལྟ་བ་ཡིན་ནོ།། དེ་ནི་མི་རིགས་སྒེར་ལ་མཚོན་ན། སོ་སོའི་ཕ་མེས་ཀྱི་ཡུལ་སྲོལ་དུས་སྟོན་གང་དང་གང་ཡོད་པ་དེ་དང་དེ་མི་རིགས་རང་ཉིད་ལ་ཆེས་གལ་གནད་ཆེ་བ་ཡིན། གནའ་བོའི་མེས་པོ་རྣམས་ཀྱིས་ལེགས་ཆ་མང་པོ་བསྡུ་སྒྲིག་གིས་གཏན་ལ་ཕབས་ཟིན་པའི་སྲོལ་རྒྱུན་ལ་དེང་སང་སྒེར་གཅོད་པ་དང་དབང་བསྒྱུར་ལམ་ལུགས་ཀྱིས་མེས་པོ་གོང་མའི་ཚབ་མཚོན་ཡོང་ཐབས་མེད་པས། གཞན་གྱིས་ཧམ་སེམས་དང་གཡོ་སྒྱུ་ལ་ངོས་ལེན་བྱེད་ཐབས་མེད་པ་ནི་དངོས་ཡོད་དང་བདེན་དོན་ཡིན།
རེད་དེ། དེང་སང་འཛམ་གླིང་ཤར་དང་ནུབ། བྱང་དང་ལྷོའི་བར་གྱི་རྒྱལ་མཚམས་རིམ་པའི་རྒྱལ་ཁབ་ཆེ་ཆུང་ཇི་རྙེད་ཅིག་ཡོད་པ་ཀུན་ལ་བལྟས་ན། གནའ་བོའི་མི་རིགས་རང་རང་གི་ས་ཁོངས་བདག་དབང་བྲལ་ནས་གནས་སྟངས་འདྲ་མིན་གྱིས། སྟོབས་དང་ནུས་པ་ཡོད་པའི་མི་རིགས་དང་རྒྱལ་ཁབ་གཞན་གྱི་མངའ་འབངས་སུ་གཏོགས་པ་ཇི་རིགས་པ་ཡོད། རུས་དང་རིགས་མི་གཅིག་བཞིན་དུ་གཞན་གྱི་རྒྱལ་ཁོངས་སུ་འགྲོ་བཞིན་པ་རྣམས་ལ་འཁང་ར་བྱས་ན་དོན་དག་མེད་ཀྱང་། རང་ཉིད་ལ་ཡོད་པའི་ཆོས་དང་རིག་གཞུང་སྣང་མེད་རྡོག་རྫིས་བཏང་ནས་ཡོད་ཚད་གཞན་འོག་ཏུ་འགྲོ་བ་ནི་ནོར་འཁྲུལ་ཡིན་པ་ཤེས་དགོས། སྤྱིར་མི་རིགས་ཤིག་རྩ་མེད་བཟོ་དགོས་ན་ཐོག་མ་སྐད་དང་ཡི་གེ་རྩ་མེད་བཟོད་དགོས་པ་བཤད་ཀྱིན་ཡོད། དེ་ནི་གཞི་རྩའི་མི་རིགས་ཀྱི་སྙིང་པོའམ་ངོ་བོ་དངོས་ལ་བསམ་ནས་བཤད་པ་ཞིག་ཡིན། གཞན་ཡང་མི་རིགས་རྣམས་རྩ་མེད་བཟོ་བ་ལ་རིག་གཞུང་གི་མཚོན་དོན་སྣ་ཚོགས་ཤིག་ཡོད་དེ། རིགས་མཐུན་གྱི་མི་རིགས་ལ་དབང་བའི་ཆོས་དཔལ་རིག་གསུམ་གཙོ་བོ་གྱུར་པའི་ལམ་དང་ལུགས་སྲོལ་དང་། མི་གཤིས་ཀུན་སྤྱོད་སོགས་ཆ་མང་པོ་འདུས་ཡོད་པ་འདི་དག་ཉམ་རྒུད་དུ་སོང་ན་མི་རིགས་ཤིག་ཉམ་ཉེས་སུ་འགྲོ་བ་ཡིན། དེའི་ཁྲོད་དུ་འཛམ་གླིང་ནང་ལོ་གསར་བསུ་བ་འདི་ཡང་མི་རིགས་ཤིག་ལ་མཚོན་ན་མེད་དུ་མི་རུང་བའི་རིག་གཞུང་གི་ཡན་ལག་རྩ་ཆེན་ཞིག་ཏུ་གྱུར་ཡོད།

སྐབས་འདི་འདྲའི་ཁྲོད་ངེས་པར་དུ་ཤེས་དགོས་པ་ཞིག་ལ་འཛམ་གླིང་གི་ལོ་སར་གཅིག་གྱུར་བྱུང་བ་ལས། མི་རིགས་སོ་སོ་སྟེ། མཐོ་སྒང་ཧི་མ་ལ་ཡ་དང་བོད་ལྟ་བུའི་ལྟོས་གྲུབ་ཀྱིས་ཆོས་དང་རིག་གཞུང་གི་ཆ་ལག་མང་པོ་ཐུན་མོང་བ་ཡིན་པའི་མི་རིགས་འདི་དག་གི་ལོ་སར་གཅིག་གྱུར་བྱས་ན་དགེ་མཚན་ཆེ་བ་ཡོད། འཛམ་གླིང་གཞན་གྱི་ལོ་སར་ཞིག་གཞི་ལ་བཞག་ནས་དེ་འཛམ་གླིང་གི་ལོ་སར་ཡིན་ཞེས་བསྒྲགས་པ་ཡིན་ན། མི་མང་པོ་ཞིག་གིས་གནས་སྐབས་རིང་ངོས་ལེན་བྱེད་སླ་མོ་ཞིག་ཡིན་ཡང་། མིའི་རིགས་ཀྱི་རིག་གཞུང་དང་སྲོལ་རྒྱུན་སྣ་རེ་རེ་ལ་ཡང་། འཛམ་གླིང་གི་འཇིག་རྟེན་གྱི་མི་དང་སྲོག་ལྡན་རིགས་མང་པོ་འཚོ་བའི་ཆ་ཤས་རིན་ཐང་གཞལ་དཀའ་བ་དུ་མ་ཡོད་པ་གོ་ལའི་ཁྲོད་ན་འབུར་དུ་ཐོན་པའི་མཁས་དབང་དུ་མས་མགྲིན་གཅིག་ཏུ་ཞིབ་ཚགས་ཀྱིས་གསུངས་མྱོང་བ་ལ་བསམས་ནས་དཔྱད་བརྗོད་སྤེལ་ཆོག་པ་ཡིན། དེས་ན་རིག་གཞུང་འདི་དག་འགྲོ་བ་རྣམས་འཚོ་གནས་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་དུ་གྱུར་ཡོད་པས་ཆ་ནས་ཀྱང་རྩ་མེད་བཟོ་བ་དང་སྣང་མེད་གཏོང་མི་རུང་བ་མཁྱེན་དགོས།

ཡང་ངས་སྐབས་རེར་འདི་ལྟར་བཤད་འདོད་དེ། སྲོལ་རྒྱུན་རྣམས་འཛམ་གླིང་གི་ནོར་བུ་ལྟ་བུ་གྱུར་ཡོད་ཀྱང་། རང་རེ་མཐོ་སྒང་བ་རྣམས་ཁ་འཐོར་གྱིས་སིལ་བུར་གནས་ཡོད་པའི་ཐོག་ཏུ་ནང་ཁུལ་ལ་སེམས་སྦུགས་དོགས་ཅིང་། རིགས་རུས་ཀྱི་གནས་སྟངས་མང་པོ་ཞིག་གི་ཐོག་ལ་མིག་རྒྱང་རྟ་ཐག་ལས་ཐུང་ཞིང་། ཕུག་བསམ་ཁབ་མིག་ལས་ཕྲ་བ་མང་པོ་ཐོན་ཏེ། སེམས་དང་ཀླད་པའི་ནང་དུ་ཆིག་སྒྲིལ་དང་མཉམ་གནས་ཀྱི་བསམ་བློ་ཉི་མ་རེ་རེ་བཞིན་དུ་ཡལ་ནས། རང་གི་ཡོད་ཚད་སྟོབས་ཆེན་གྱི་མི་རིགས་རྣམས་ཀྱི་འོག་ཏུ་འཇིག་བཞིན་ཡོད་ལ། ད་དུང་རྒན་གཞོན་ཚང་མ་གཡམ་རྒྱུགས་ཆེ་ཞིང་། ཆོས་དང་རིག་གཞུང་རྩ་ཆེན་མི་བྱེད་མཁན་མང་ནས་མང་རུ་འགྲོ་བཞིན་ཡོད་པ་ནི། ཐ་ན་དེང་གི་དྲྭ་ངོས་ནས་ཀྱང་མང་དག་ཅིག་མཇལ་ནུས་ན། མངོན་པར་མི་གསལ་བའི་ས་ཁུག་དང་གྲོང་ཁྱེར་ཉུལ་བའི་མི་ཚོགས་ཁྲོད་མི་བུ་དེ་འདྲ་ནི་བརྒྱ་འགྱུར་ལས་ཀྱང་མང་ཚོད་རེད།

ཆོས་དང་རིག་གཞུང་ཕྱུག་པོ་ཡིན་པའི་མི་རིགས་རྣམས་གཞན་གྱི་ཁོངས་སུ་ཕར་འཛུས་ཏེ་རྒྱལ་ཁབ་གཞན་གྱི་ལོ་སར་བསུ་ཞིང་། གཞན་གྱི་སྐད་དང་ཡི་གེ་སྤྱོད། གཞན་གྱི་ཆོས་དང་རིག་གཞུང་འཛིན། གཞན་གྱི་གཞས་དང་ཞབས་བྲོ་འཁྲབས་ནས་བསྡད་ན་གནས་སྐབས་མི་སྒེར་གྱི་ཁེ་བཟང་ཙམ་ལ་འགྲིག་མོད། གནའ་བོའི་མེས་པོ་རྣམས་ཀྱི་བཀའ་དྲིན་ལ་བསམ་ན་ཕྱི་ནང་གང་ཡང་མེད་པ་ཁྱི་འཁྱམ་ཟས་ཀྱིས་བྲིད་པ་དང་ཁྱད་པར་ཅི་ཡང་མེད་པ་ཞིག་བྱས་ན་འགྲིག་ཐབས་མེད། གོ་ལའི་ཁྲོད་ན་སྟོབས་ཆེན་ནུབ་ཕྱོགས་པས་ཀྱང་སྐད་ཡིག་དར་སྤེལ་དང་ཆོས་ལུགས་གཞན་སྤེལ་གྱི་འཆར་གཞི་དངོས་ཤུགས་བརྒྱུད་གསུམ་གྱིས་འཛམ་གླིང་ན་བཀྲམ་ནས་ཡོད་ན། གུ་ཡངས་ཀྱི་བསམ་བློ་ཡོད་དགོས་པ་ཙམ་གྱིས། དཀར་ནག་གོ་ལྡོག་ནས་མི་རིགས་གཞན་དང་ཤ་འདྲེས་པགས་འདྲེས་བྱེད་དགོས་པ་ནི་གཏན་ནས་མིན་པ་ཤེས་དགོས་སོ།།
ཧི་བོད་མཐོ་སྒང་གི་ལོ་སར་གྱི་གྲུབ་ཆ་མདོར་བསྡུས་ནས་བཤད་ན། ལོ་རྙིང་ཕར་བསྐྱལ་ནས་གནམ་ལོ་གསར་པ་ཚུར་བསུ་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་ཞིང་། ཕ་མ་སྤུན་མཆེད་སོགས་གཉེན་ཉེ་དུ་དང་། ཆོས་མཆེད་དང་མཛའ་གྲོགས་སོགས་བློ་དང་སེམས་ཐག་ཉེ་བའི་རིགས་མཐུན་གྱི་མི་རྣམས་མཉམ་དུ་འཛོམས་ནས། ཆོས་ལུགས་རིག་གཞུང་མཆོད་མཆོད་བསྟོད་བསྟོད་བྱེད་པའི་དུས་ཚིགས་ཤིག་སྟེ། ལོ་གསར་པའི་ནང་བྱ་བཞག་ཐམས་ཅད་བསམ་པ་བཞིན་དུ་འགྲུབ་པའི་ཆེད་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ནས་སེམས་ཅན་བདེ་བའི་སྨོན་ལམ་གསོལ་འདེབས་ཞུ་བ་དང་། མི་ཆོས་བྱ་བཞག་ཁྲོད་ཤེས་འབྱོར་རིག་གསུམ་ཡར་བསྐུལ་མཚོན་པའི་སྐད་ཡིག་ཆེད་སྤྱོད་ཀྱིས་ཤིས་ཚིག་དང་ཁ་གཡང་སྒྲོགས་པ། རིག་གཞུང་དར་སྤེལ་གྱི་ཆེད་གཞས་དང་ཞབས་བྲོ་འཁྲབས་པ་སོགས་ཡང་དག་པའི་ལྷ་ཆོས་དང་མི་ཆོས་གཉིས་ཀ་དང་མཐུན་པའི་དུས་ཚིགས་ཤིག་བསུ་བ་ཡིན།
གཞན་ཞིག་ནས་བཤད་ན། ཧི་བོད་མཐོ་སྒང་གི་ལོ་སར་ནི་མེས་པོ་རྣམས་ཀྱི་དཀའ་དྲིན་རྗེས་དྲན་ཞུ་བའི་དུས་ཚིགས་བླ་ན་མེད་པ་ཞིག་ཡིན་པ་ལས། ཤི་བོ་རྣམས་ལ་མྱ་ངན་ཞུ་ཆེད་དང་། ང་ཚོ་སྟེ་ཤུལ་ལུས་གསོན་པོ་རྣམས་ཀྱིས་བག་མེད་སྤྱོད་པ་ལུག་པའི་ཆེད་དུ་མིན་པ་ཤེས་དགོས་པ་ཡིན།
ལོ་སར་མི་བསུ་བ་ནི། རྒྱུ་མཚན་ཅི་ཡང་མེད་པ། གནས་ལུགས་ཀྱིས་སྟོང་པའི་འཛིན་སྟངས་ཤིག་ཡིན་པ་བསམ་ཆོག་སྟེ། ལོ་སར་ནི་དོན་དངོས་སུ་མ་བསུས་ཀྱང་ཚེས་ཡོང་བ་ཞིག་ཡིན། ང་ཚོའི་མེས་པོ་གོང་མ་ཚོས་གཤེགས་ཟིན་པའི་འདས་པོ་རྣམས་ལ་མྱ་ངན་མཚོན་དོན་དུ་དེ་ལྟར་ལོ་སར་མི་བསུ་བ་སོགས་ཀྱི་རྣམ་འགྱུར་སྟོན་སྟངས་ཤིག་ཡོད་མོད། སྙིགས་དོར་བཅུད་ལེན་གྱི་དཔྱོད་ཤེས་ཡང་དག་སྤྱད་ནས་ཟང་ཟིང་ཆེ་བའི་དུས་རབས་ཉེར་གཅིག་པའི་ནང་སྐབས་འགར་གནའ་ལུགས་སྐོར་ཞིག་དམིགས་བསལ་གཏོང་དགོས། ལོ་སར་མི་བསུ་བ་ལྟ་བུས་རང་རང་གི་མདུན་ལམ་དང་དམིགས་ཡུལ་ལ་འགན་ལེན་མི་ཐུབ་པའི་ཚད་དུ་སླེབས་སྲིད་པ་དང་། དེ་ལ་ཡིད་ཆེས་དང་རིན་ཐང་མེད་པའི་དུས་ཡོད་ཆོག་པ་ཡིན། སྐབས་དེར་གནས་སྟངས་ཁག་ཅིག་མཁྲེགས་འཛིན་བྱེད་པ་ལས་སྣང་མེད་དུ་བཞག་ནས་གུ་ཡངས་བཏང་ན་དགེ་མཚན་ཆེ་བ་ཡོད་ངེས། དེ་ལྟར་བསམ་བློ་བཏང་ན་ལོ་སར་མི་བསུ་བ་ལས་བསུ་བ་འདི་གལ་ཆེ་བ་ཡོད།
འོན་ཀྱང་ལོ་སར་ནི། དགའ་སྐྱིད་སྤྲོ་གསུམ་འདུས་པའི་དུས་ཚིགས་ཁོ་ནར་བསམ་ན། ལོ་སར་ཚེས་འཕྲལ་རྣམ་གཡེང་ངང་དུ་ཆང་རག་ཚད་མེད་འཐུང་བ་དང་། ཐ་མག་རྫོགས་མེད་འཐེན་པ། ཤོ་རྩེད་རྒྱན་འཇོག་སོགས་ཆེས་ཐ་ཤལ་བག་མེད་ཀྱི་སྤྱོད་པ་འཆོར་བའི་དུས་ཚོད་ཡ་མ་ཟུང་ཞིག་ཚེས་པ་མིན་ལ། འཇིག་རྟེན་ཚུལ་མཐུན་གྱི་མི་ཆོས་དང་། དམ་པའི་རྗེས་སུ་མཐུན་པའི་ལྷ་ཆོས་གཉིས་དང་རྒྱབ་འགལ་དུ་འགྲོ་བའི་དུས་ཚིགས་ཤིག་བསུ་བའི་ཆེད་དུ་མིན་པར། ཧི་བོད་མཐོ་སྒང་རུ་བའི་ལོ་སར་ནི་འཇིག་རྟེན་ལ་ཞི་བདེ་འདྲེན་པའི་དུས་བཟང་དང་ལོ་གསར་བའི་ནང་ཀུན་ལ་ཁ་དགེ་བཀྲ་ཤིས་ལོ་ལེགས་ཕུན་ཚོགས་ཡོང་བའི་ཆེད་དུ་དམིགས་པ་ཞིག་ཡིན་ཕྱིར། དེ་རིང་ངས་ཀྱང་ལོ་སར་བསུ་མཁན་ཚོ་ལ་རྒྱབ་སྐྱོར་ཚུལ་དུ་སྐད་ཆ་ཚིག་གསུམ་འདི་དག་ཤོར་སོང་བ་ཡིན་ནོ།།

བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་བྲིས། ཡིག་ནོར་ཡོད་རིགས་ལ་དགོངས་སེལ་ཞུ།

No comments:

འཚོལ་ཞིབ།