Thursday, 22 May 2014

མེད་ན་དགའ་བའི་ཁྱིམ་མཚེས།


༡༽

ལྭ་རལ་ཁུག་གི་ཤིག་རྒན་རྒྱབ་ནག་ཁྲག་ལ་དགའ།།

ཉལ་ཁྲིའི་འོག་གི་འདྲེ་ཤིག་དམར་པོ་ཁྲག་ལ་དུང་།།

མཆོང་རྒྱུགས་བྱེད་པའི་ལྗི་བ་འདི་ཡང་ཁྲག་གི་ཆེད།།

གཡོ་སྒྱུ་ཅན་གྱི་ཁྱིམ་མཚེས་འདི་ཚོ་མེད་ན་དགའ།།

༢༽

རྡོ་རྩིག་གསེབ་ཀྱི་ཙི་ཙི་ཕོ་མོ་རྐུ་ལ་དགའ།།

ལྕགས་ཀྱང་ཟ་བའི་རྒྱ་འབུ་མུག་མགོ་འཆའ་ལ་དགའ།།

གྲོག་མ་མིག་མེད་འདུར་རྒྱུགས་ཁྲོད་ནས་ཐེག་ཚད་ཁུར།།

རང་ཚུགས་བྲལ་བའི་ཁྱིམ་མཚེས་འདི་ཚོ་མེད་ན་དགའ།།

༣༽

ཡ་མའི་སྲིན་འབུ་ཁོག་ན་འཛུལ་ཏེ་ཟ་འཕྲུག་སློང་།།

དུག་སྦྲང་མཆུ་རིང་གང་སར་རྒྱུ་སྟེ་ཟུངས་ཁྲག་འཇིབ།།

སྦྲང་ཆུང་དགའ་ཡང་དབང་ལྔའི་སྒོ་ན་དོན་མེད་འཁོར།།

བཟང་སྤྱོད་མེད་པའི་ཁྱིམ་མཚེས་འདི་ཚོའང་མེད་ན་དགའ།།
 
 

Tuesday, 13 May 2014

མི་རིགས་བསྲེས་ལྷད་སྐོར་གྱི་དྲི་བ་བཅུའི་ལན་འདེབས།



༡༽སྐུ་ཉིད་བཞུགས་གནས་ཀྱི་བུད་མེད་སྤྱིའི་གནས་བབ་དང་བུད་མེད་ཀྱི་ཤེས་ཡོན་གནས་ཚད་ག་འདྲ་ཡོད་དམ།དཔེར་མཚོན་བཅས་གསུངས་ཐུབ་ན་ཡག་པོ་འདུག
 
ལན།ང་རང་ཡོད་སའི་ས་ཆ་འདིར་མཚོན་ན་ཕྱི་སྡོད་བོད་པ་ཏོག་ཙམ་མང་པོ་ཡོད་སའི་ས་ཆ་ཞིག་རེད།སྤྱིའི་ཆ་ནས་བུད་མེད་ཀྱི་ཤེས་ཡོན་ཞན་པོ་ཡོད་པ་མཐོང་གི་མེད།ཡིན་ན་ཡང་།ཤེས་ཡོན་དང་མཉམ་དུ་སློབ་གསོ་ཡང་དག་པ་ཞིག་ཐེབས་དགོས་པ་མཐོང་གི་འདུགསྐབས་འདིར་སློབ་གསོ་ཡང་དག་པ་ཟེར་བ་དེ། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་དར་རྒུད་སོགས་མི་རིགས་སྤྱི་ལ་སེམས་ཁུར་བླ་མེད་ཅིག་ཡོད་པ་བཟོ་བ་དང་། མ་ཤེས་པ་ཤེས་སུ་འཇུག་རྒྱུ་དེ་ཡིན།དེ་ལྟར་བསམ་ན་ད་ལྟ་ང་ཚོས་གྲལ་དུ་དེའི་རིགས་དཀོན་པོ་ལྟར་སྣང་བ་མ་ཟད།ཕ་མ་རྒན་རྒོན་དང་།དེ་བཞིན་དུ་དགེ་རྒན། མི་རིགས་ཀྱི་སྣེ་ཁྲིད་པ་སོགས་ཀྱིས་མི་རབས་གསར་པའི་སྤྱི་ཚོགས་ཀྱི་འགན་ཡང་དག་པ་མ་ཁུར་བའི་གནད་དོན་ཞིག་ཆགས་ཡོད།
ད་ཆ་བོད་ཀྱི་གཞོན་སྐྱེས་གང་མང་ཞིག་སྒེར་དོན་ཁོ་ན་ལ་ཤུགས་ཆེར་གཡེང་ཞིང་།སྐད་ཡིག་དང་མི་རིགས་ཀྱི་ཆགས་འཇིག་ལ་དོ་སྣང་མེད་པའི་རིགས་ཇེ་མང་འགྲོ་བཞིན་མེད་དམ་སྙམ།དེ་ཇི་ལྟར་ཤེས་ཞེ་ན།ང་མང་ཚོགས་དངོས་ལ་འབྲེལ་འདྲིས་དེ་ཙམ་མེད་ཀྱང་།བོད་རིགས་གཞོན་སྐྱེས་གང་མང་ཞིག་རྩེད་ར་ག་གེ་མོ་དང་།ཆོས་ཀྱི་མཛད་སྒོ།སྤྱི་ཚོགས་འབྲེལ་འཐུད་ཀྱི་དྲྭ་ངོས་དག་ལས་གང་མང་ཞིག་མཐོང་བ་རྣམས་ལ་བལྟས་ན་རང་རིགས་ཀྱི་སྐད་ཡིག་ལ་བཟུང་བའི་ལྟ་ཚུལ་ཅུང་ཞན་པོ་ཡོད་པ་རག་རིམ་ཙམ་ཤེས་ཡོང་གི་འདུག་ལ།འདི་ནི་བོད་མི་རྒན་གཞོན་སུ་ཡིན་ཡང་རང་རེའི་ལོ་རྒྱུས་ནང་ནག་ཉེས་ཆེན་པོ་ཞིག་ཡིན་པའི་ལྟ་ཚུལ་ཞིག་ཡོད།འདི་ནི་བུད་མེད་ཁོ་ན་མིན་པར་གཞོན་སྐྱེས་རྣམས་ཀྱི་ཐོག་རང་སྒེར་གྱི་ལྟར་ཚུལ་ཞིག་བཟུང་ཡོད་པ་དེ་ཞོར་འཕྲོས་ཙམ་ཡིན།

Wednesday, 7 May 2014

ལྟས་ངན་འོངས།

༡༽
རང་སྣང་དགུང་དང་མཉམ་པའི་རི་ཁ་ནས།།
རྣམ་ཤེས་འཁྱམ་པོ་ནང་དུ་མ་བསྡུས་ན།།
སེམས་པ་རླུང་གིས་སྤུར་བའི་འཁྲུལ་སྣང་གིས།།
རང་སྡེ་ཁ་འཐོར་གཏོང་བའི་ལྟས་ངན་འོངས།།
༢༽
བློ་ཁ་དྲང་པོ་གཤིས་དང་མ་བསྟུན་ན།།
རྫུན་གྱིས་སེམས་པ་བསླུས་པའི་ཟུར་ཁ་ནས།།
ཆོས་སྲིད་གཉིས་ཀྱི་ལུགས་དང་མི་མཐུན་པའི།།
རང་སེམས་ལྟ་བ་ལོག་པའི་ལྟས་ངན་འབྱུང་།།



འཚོལ་ཞིབ།