ལན།ང་རང་ཡོད་སའི་ས་ཆ་འདིར་མཚོན་ན་ཕྱི་སྡོད་བོད་པ་ཏོག་ཙམ་མང་པོ་ཡོད་སའི་ས་ཆ་ཞིག་རེད།སྤྱིའི་ཆ་ནས་བུད་མེད་ཀྱི་ཤེས་ཡོན་ཞན་པོ་ཡོད་པ་མཐོང་གི་མེད།ཡིན་ན་ཡང་།ཤེས་ཡོན་དང་མཉམ་དུ་སློབ་གསོ་ཡང་དག་པ་ཞིག་ཐེབས་དགོས་པ་མཐོང་གི་འདུགསྐབས་འདིར་སློབ་གསོ་ཡང་དག་པ་ཟེར་བ་དེ།
མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་དར་རྒུད་སོགས་མི་རིགས་སྤྱི་ལ་སེམས་ཁུར་བླ་མེད་ཅིག་ཡོད་པ་བཟོ་བ་དང་།
མ་ཤེས་པ་ཤེས་སུ་འཇུག་རྒྱུ་དེ་ཡིན།དེ་ལྟར་བསམ་ན་ད་ལྟ་ང་ཚོས་གྲལ་དུ་དེའི་རིགས་དཀོན་པོ་ལྟར་སྣང་བ་མ་ཟད།ཕ་མ་རྒན་རྒོན་དང་།དེ་བཞིན་དུ་དགེ་རྒན།
མི་རིགས་ཀྱི་སྣེ་ཁྲིད་པ་སོགས་ཀྱིས་མི་རབས་གསར་པའི་སྤྱི་ཚོགས་ཀྱི་འགན་ཡང་དག་པ་མ་ཁུར་བའི་གནད་དོན་ཞིག་ཆགས་ཡོད།
ད་ཆ་བོད་ཀྱི་གཞོན་སྐྱེས་གང་མང་ཞིག་སྒེར་དོན་ཁོ་ན་ལ་ཤུགས་ཆེར་གཡེང་ཞིང་།སྐད་ཡིག་དང་མི་རིགས་ཀྱི་ཆགས་འཇིག་ལ་དོ་སྣང་མེད་པའི་རིགས་ཇེ་མང་འགྲོ་བཞིན་མེད་དམ་སྙམ།དེ་ཇི་ལྟར་ཤེས་ཞེ་ན།ང་མང་ཚོགས་དངོས་ལ་འབྲེལ་འདྲིས་དེ་ཙམ་མེད་ཀྱང་།བོད་རིགས་གཞོན་སྐྱེས་གང་མང་ཞིག་རྩེད་ར་ག་གེ་མོ་དང་།ཆོས་ཀྱི་མཛད་སྒོ།སྤྱི་ཚོགས་འབྲེལ་འཐུད་ཀྱི་དྲྭ་ངོས་དག་ལས་གང་མང་ཞིག་མཐོང་བ་རྣམས་ལ་བལྟས་ན་རང་རིགས་ཀྱི་སྐད་ཡིག་ལ་བཟུང་བའི་ལྟ་ཚུལ་ཅུང་ཞན་པོ་ཡོད་པ་རག་རིམ་ཙམ་ཤེས་ཡོང་གི་འདུག་ལ།འདི་ནི་བོད་མི་རྒན་གཞོན་སུ་ཡིན་ཡང་རང་རེའི་ལོ་རྒྱུས་ནང་ནག་ཉེས་ཆེན་པོ་ཞིག་ཡིན་པའི་ལྟ་ཚུལ་ཞིག་ཡོད།འདི་ནི་བུད་མེད་ཁོ་ན་མིན་པར་གཞོན་སྐྱེས་རྣམས་ཀྱི་ཐོག་རང་སྒེར་གྱི་ལྟར་ཚུལ་ཞིག་བཟུང་ཡོད་པ་དེ་ཞོར་འཕྲོས་ཙམ་ཡིན།
༢༽སྐུ་ཉིད་ཀྱི་བཞུགས་གནས་ན་མི་རིགས་བསྲེས་ལྷད་སྐོར་གྱི་གནད་དོན་བྱུང་གི་འདུག་གམ།ཡང་ན་དེའི་སྐོར་གྱི་མཐོང་ཐོས་མྱོང་གསུམ་ཅི་ཞིག་ཡོད་ན་གསུངས་རོགས།
ལན།དྲི་བ་འདི་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད།རང་རེ་བོད་ཀྱི་སྤྱི་ཚོགས་གང་ས་གང་དུ་མི་རིགས་བསྲེས་ལྷད་ཀྱི་གནད་དོན་འདི་ཧ་ཅང་གི་རྫབ་ཆེན་ཆགས་ཡོད་པས་རེད།དེང་སང་བོད་ཕྱི་ནང་གཉིས་ཀའི་ས་གནས་གང་སར་མི་རིགས་གཞན་དང་གཉེན་སྒྲིག་བྱེད་བཞིན་པའི་བོད་མི་གྲངས་མང་ཞིག་མཐོང་ཡོང་གི་འདུགབར་སྐབས་ཤིག་ལ་བོད་པའི་སྤྱི་ཚོགས་ཁག་ཅིག་གི་ནང་དུ་མི་སྒེར་གྱི་འཚོ་བའི་གནད་དོན་ཁོ་ན་ལ་དམིགས་ནས་མི་རིགས་གཞན་གྱི་དང་ཆེད་དུ་གཉེན་སྒྲིག་བྱེད་འགོ་ཚུགས་འདུག་པ་མ་ཟད།ཕ་མ་རྒན་རབས་པ་ཁག་ཅིག་གིས་ཀྱང་འདི་ལ་མཐོང་ཆེན་བྱེད་པ་དང་།དཔེར་ན།རང་གི་ཕྲུ་གུས་ནུབ་ཕྱོགས་པའམ།མི་རིགས་གཞན་པ་ལོ་ན་རྒན་གཞོན་གང་ཡིན་ཀྱང་།གནས་སྐབས་འབྱོར་བ་ལ་དཀའ་ངལ་མེད་ཙམ་གྱི་མི་ཞིག་རང་གི་བུ་མོ་དང་གཉེན་སྒྲིག་བྱེད་ཐབས་བྱུང་སོང་ན།དེ་ནི་ཁོང་ཚོའི་འཇོན་ཐང་ཡིན་པ།གཉེན་སྒྲིག་གི་གོ་སྐབས་དེ་འདྲ་ཞིག་འཕྲད་ཐུབ་པ་བྱུང་ན་ཁྱིམ་ཚང་དེ་འགྲིག་སོང་བ་དང་།
གྲོང་སྡེ་དང་ཡུལ་མི་ཚོས་ཀྱང་སེམས་ཁུར་ཅི་ཡང་མེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ངེས་རེད།
བྱ་སྤྱོད་འདི་དཔལ་འབྱོར་གྱིས་བསླུ་བྲིད་དང་། མི་རིགས་རྩ་བརླག་ལ་ཉེན་ཁ་ཆེ་ཤོས་ཡིན་པ་མ་ཤེས་པས་རེད་ལ།
དེའི་ཁྲོད་དུ་ཁ་ཅིག་གིས་མི་རིགས་ལ་འགན་མ་ཁུར་བའི་གནད་དོན་ཀྱང་གང་མང་ཡོད་སྲིད་པ་རེད་འདོད་ཀྱིན་ཡོད།
༣༽དེས་ན་བོད་པ་ཚོས་མི་རིགས་གཞན་པ་དང་མཉམ་དུ་གཉེན་སྒྲིག་པའི་གནས་སྟངས་དེ་ཇེ་མང་ནས་ཇེ་མང་ཡིན་པ་འདྲ།དེའི་སྐོར་ལ་གསུངས་རོགས།
ལན།རེད་རེད།འདི་ལ་ང་ཚོའི་གཟབ་གཟབ་ཞིག་མ་བྱས་ན།མ་འོངས་པ་འདིས་ཐོག་ནས་འགལ་རྐྱེན་མང་པོ་ཞིག་འཕྲད་ངེས་ཡིན་པ་ཐེ་ཚོམ་མི་དགོས་པ་རེད།བོད་ཕྱི་ནང་གཉིས་ནང་ཡོད་པའི་མཁས་དབང་ཁག་ཅིག་གིས་ཀྱང་དེའི་ཐད་བཀའ་སློབ་གནང་འདུག་པས།དེ་ལ་དོ་སྣང་མཛད་ཀྱི་ཧ་ཅང་གལ་ཆེན་པོ་རེད།
ང་ཚོས་རིགས་བརྒྱུད་བོར་བརླག་མི་འགྲོ་བའི་ཐབས་ལ་བསམ་གཞིན་ནན་མོ་བྱེད་དགོས།འདི་ནི་འཛམ་གླིང་ཡོངས་ཀྱི་ནང་ནས་བོད་པས་འགན་འཁུར་དང་རྩ་ཆེན་གཙིག་ཆེན་བྱེད་དགོས་པ་མཐོང་གི་འདུག
བོད་པས་འགན་ལེན་དགོས་པ་ཅི་ཡིན་ཞེ་ན།ང་ཚོ་ལ་དུས་རབས་འདིས་ནང་ད་དུང་ཁ་འཐོར་གྱི་གནད་དོན་ཆེན་པོ་ཞིག་ཕྲག་སྟེང་དུ་ལྷུང་ཡོད་པ་དང་།གྲངས་ཉུང་མི་རིགས་མང་པོ་ཞིག་སྟོབས་ཆེན་མི་རིགས་ཚོས་མི་སེར་སྤེལ་ཡུལ་གྱི་ཆབ་སྲིད་དར་བཞིན་པའི་གནད་དོན།མང་ཚོགས་ཀྱིས་རང་རིགས་ལ་འཕྲད་བཞིན་པའི་གནད་དོན་ཁ་གསལ་ཤེས་མི་ཐུབ་པའི་བཅས་ཀྱིས་ཉེན་ལྡན་ཅན་དུ་གྱུར་ཡོད་པས།དེའི་སྐོར་ལ་མགོ་བོ་འཐོམ་ནས་མི་འདུག་པར་ཁ་གསལ་ངང་ཤེས་པར་བྱས་ཏེ་རང་གཞན་ཚང་མས་འགན་ལེན་བྱེད་དགོས།དེང་སྐབས་མཐོང་སྣང་ལ་མི་རིགས་སྟོབས་ཆེན་སྟེ།
ཤར་ནུབ་ཀྱི་ཡུལ་ལུང་ཉུང་ཤས་ཀྱི་མི་ཕལ་བ་རྣམས་ཕན་ཚུན་གཉེན་སྒྲིག་སོགས་ལ་འཇུག་བཞིན་པ་དང་།བོད་མི་ཁ་ཅིག་གིས་ཀྱང་དེ་ལ་ལད་ཟློས་བྱས་ནས་དགོས་མེད་ཀྱི་བྱ་སྤྱོད་དེ་འདྲའི་རྗེས་སུ་འབྲང་བཞིན་འདུག་མོད།བོད་པ་ཚོ་ལ་མཚོན་ན་ད་ལྟ་གནས་སྟངས་གང་ལ་བལྟས་ཀྱང་དེ་གལ་ཆེན་ཞིག་ཡིན་པ་མཐོང་གི་མེད།
༤༽སྐུ་ཉིད་བཞུགས་སའམ་ཡང་ན་སྐུ་ཉིད་ཀྱི་མཐོང་ཐོས་བྱུང་བའི་མི་རིགས་བསྲེས་ལྷད་སྐོར་ལ་རོབ་རྩིས་ཤིག་བརྒྱབ་ན་གྲངས་འབོར་ག་ཚོད་ཅིག་ཟིན་གྱི་ཡོད་དམ།
ལན།ང་ལ་གྲངས་ཀ་གཏན་འཁེལ་བཤད་རྒྱུ་མེད།ཡིན་ན་ཡང་།ཕལ་ཆེར་བོད་མི་ས་ཡ་དྲུག་ཡོད་པའི་དབང་དུ་བཏང་ན།
དེའི་གྲས་ནས་བརྒྱ་ཆ་བཅུ་ནས་ཉི་ཤུ་བར་ཟིན་གྱི་མེད་དམ་སྙམ་གྱི་ཡོད།དེ་ལྟར་བསམ་ན་རང་རེ་ཨེ་ཤ་ཡའི་ཡུལ་གྱི་མི་རིགས་སྟོབས་ཆེན་རྒྱ་གར་དང་རྒྱ་ནག་ལས་ཀྱང་མི་རིགས་བསྲེས་ལྷད་ཀྱི་གྲངས་འབོར་བོད་པ་མང་བ་ཆགས་ཡོད་པས།བོད་མིའི་མི་རིགས་བསྲེས་ལྷད་ཀྱི་གནས་སྟངས་ནི་ཤིན་ཏུ་ཉེན་ཚབ་རང་བཞིན་ཅན་དུ་གྱུར་ཡོད་ལ།
དེའི་ཐད་ནས་གལ་སྲིད་ང་ཚོ་ཁོང་ཚོ་ལས་ཀྱང་ཉུང་བའི་དབང་དུ་བཏང་ཡང་མི་རིགས་མཉམ་གནས་ཅན་ཁོང་ཅག་དང་།
མི་རིགས་ཁ་འཐོར་སོགས་གཉན་འཕྲང་ཅན་གྱི་བོད་པས་ཁོང་ཚོ་ལ་འགྲན་ཐབས་མེད་པས།གཟབ་དགོས་པར་མཐོང་གི་འདུག
༥༽བོད་ཀྱི་བུད་མེད་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་རྒྱུ་རྐྱེན་ག་འདྲ་ཞིག་ལ་ཐུག་ཡོད་དམ།དེའི་སྐོར་ནས་གང་ཐུབ་ཐུབ་ཅིག་གསུངས་རོགས།
ལན།དེ་ཕྱོགས་གཅིག་ནས།བོད་པ་རྣམས་འཛམ་གླིང་ཧྲིལ་པོ་རྒྱལ་ཁབ་ཕལ་ཆེ་བའི་ནང་ཁ་འཐོར་དུ་གྱུར་བའི་གནད་དོན་དང་།ང་ཚོ་ཅིག་སྒྲིལ་གྱི་སྒྲིག་འཛུགས་ཤིག་གི་འོག་འཚོ་སྡོད་བྱེད་ཐབས་བྲལ་བའི་དཀའ་ངལ་སོགས་ལ་བརྟེན་ནས་རེད་ལ།གཞན་གོང་ནས་ཞུས་པ་བཞིན་མི་ཁག་ཅིག་ལ་དཔལ་འབྱོར་གྱི་དཀའ་ངལ་དང་།མི་ཐོག་གོང་མས་དེའི་སྐོར་ལ་སློབ་གསོ་མ་བརྒྱབ་པ།ཕ་མ་རྒན་པ་དག་གིས་འཇོན་ཐང་ཡིན་པའི་ལྟ་ཚུལ་སོགས་ཀྱིས་གནད་དོན་འདི་བྱུང་བ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད།འདིས་ཐད་ལ་ཁ་ཅིག་གིས་བརྩེ་དུང་དང་།རང་དབང་སྐོར་གླེང་མཁན་འདུག་ཀྱང་།ངའི་ངོས་ནས་རྒྱུ་མཚན་དང་གནས་ལུགས་ཆེན་པོ་མཐོང་གི་མེད།བོད་པའི་བུད་མེད་ཚོ་མི་རིགས་གཞན་དང་མཉམ་དུ་མ་གཏོགས་བརྩེ་དུང་མི་འགྲིམས་དོན་བཤད་དཀའ་ལ།རང་ཚུགས་གང་ཡང་མེད་པར་སུ་དང་ཐུག་ན་དེ་དང་འགྲོག་ཆོག་ཆོག་གི་གནས་སྟངས་འདི་རང་རིགས་ལ་འགན་འཁུར་མེད་པར་གང་དྲན་དྲན་གྱི་སྤྱོད་ཚུལ་ཞིག་ལས།བརྩེ་དུང་དང་རང་དབང་ལོངས་སུ་སྤྱོད་པ་ཞིག་ལ་ངོས་འཛིན་བྱེད་ཐབས་མེད།མི་ཁག་ཅིག་གིས་རང་དབང་དང་བརྩེ་དུང་ལ་ཁ་གཡར་ནས་རང་གི་རིགས་བརྒྱུད་རྨེག་མེད་དུ་གཏོང་དགོས་པ་ལྟ་བུ་མཐོང་གི་ཡོད་ན་མ་གཏོགས་གཞན་འདི་ལ་བརྩེ་དུང་དང་རང་དབང་སྐོར་འགྲེལ་བཤད་བྱེད་ཤེས་མ་སོང་བས་འདི་ཡང་མི་སྒེར་གྱི་བསམ་ཚུལ་བཞིན་ཞོར་འཕྲོས་ཙམ་ཡིན།
༦༽བོད་ཀྱི་སྐྱེས་པ་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་རྒྱུ་རྐྱེན་ག་འདྲ་ཞིག་ལ་ཐུག་ཡོད་དམ།དེའི་སྐོར་ནས་གང་ཐུབ་ཐུབ་ཅིག་གསུངས་རོགས།
ལན།དེ་གང་ནས་འཕྲོས་རིམ་བཞིན་གནས་སྟངས་གཅིག་པ་རེད་འདོད།ད་དུང་ཤེས་དགོས་པ་ཞིག་ལ་སྤྱིར་མི་རིགས་བསྲེས་ལྷད་ཀྱི་དོན་རྐྱེན་འདི་ཕོ་མོ་ལ་ཁྱད་པར་ཆེན་པོ་ཞིག་མེད་ན་ཡང་།རིགས་བརྒྱུད་གཙང་མ་སྤེལ་ཕྱོགས་ཐད་ཨ་མས་འགན་ཁུར་དགོས་རྒྱུ་གལ་ཆེན་པོ་རེད།འཇིག་རྟེན་འདིའི་ཐོག་ཨ་མ་མེད་ན་ཕྲུ་གུ་སྐྱེ་འཕེལ་གྱི་གོ་སྐབས་མེད་པ་དང་།ཡུལ་ལུང་ཀུན་ཏུ་ཨ་མ་ནི་ཆེས་གཙིགས་ཆེན་བྱེད་ཅིང་ཨ་མ་ནི་འཇིག་རྟེན་གྱི་བྱེད་པོ་ལྟ་བུ་རེད།དཔེར་ན།བྱ་དངོས་མང་པོ་ཞིག་གི་ནང་ནས་གཙོ་བོ་དེ་ལ།
ཨ་མ་དང་མ་ལག་ཅེས་འབོད་པ་བཞིན།བུད་མེད་ཚོས་རང་ཉིད་མི་རིགས་ཀྱི་བདག་པོ་ཡིན་པ་ངོ་ཤེས་པར་བྱས་ནས་བུད་མེད་ཀྱི་འགན་ཆེ་ཙམ་དང་།དེ་དང་ལྷན་དུ་ཕོ་མོ་གཉིས་ཀས་འགན་ཡང་དག་པ་ཞིག་ཁུར་དགོས་ངེས་རེད་འདོད།ལྷག་པར་དུ་མི་རིགས་ལ་སེམས་ཁུར་ཡོད་པ་ཁག་ཅིག་གིས་བུད་མེད་ཚོར་བསྐུལ་མ་མང་ཙམ་ཡོང་ངེས་རེད།
དེ་ནི་ཨ་ཕ་ལ་ཕྲུ་གུ་སྐྱེ་ཐབས་མེད་པར་བརྟེན་བུད་མེད་དག་ལ་འགན་ལེན་ཤུགས་ཆེར་ཡོང་གི་རེད།
འགན་འཁུར་དགོས་པའི་གནད་དོན་ཀྱང་དེ་འདྲ་ཞིག་ཆགས་ཡོད་པ་མཐོང་གི་འདུག
༧༽སྐུ་ཉིད་བཞུགས་སའི་རྫོང་ཁུལ་དང་ཞིང་སྡེ་སོ་སོ་ན་མི་རིགས་གཞན་དང་གཉེན་སྒྲིག་པའི་བོད་པ་རེ་མཐོང་ཡོད་ན།སྐབས་དེའི་ཁྱེད་ཀྱི་ཚོར་བ་གང་འདྲ་རེད་དམ།
ལན།སྐབས་འདིར་ང་ལ་མཚོན་ན་རང་རེ་བོད་ཀྱི་ཕོ་མོ་མང་པོ་ཞིག་མི་རིགས་གཞན་དང་གཉེན་སྒྲིག་བྱེད་བཞིན་པ་མཐོང་མྱོང་།དེ་ལ་དམིགས་བསལ་ཚོར་སྣང་གང་བྱུང་མིན་བཤད་ན་རང་གཞན་གཉིས་ཀ་མི་བདེ་བ་ཙམ་ལས་ཕན་ཐོག་ཡོད་པ་མཐོང་གི་མི་འདུགལྷག་པར་དུ་གཉེན་སྒྲིག་ཟིན་པ་རྣམས་ལ་ཟུར་ཟ་དང་མི་འདོད་པའི་རྣམ་འགྱུར་སྟོན་དགོས་པ་གལ་མི་ཆེ་བ་མིན་ཡང་།གཉེན་སྒྲིག་ཟིན་པ་རྣམས་ལ་བྱ་ཐབས་ཅི་ཡང་མེད་པ་ཤེས་དགོས་ཤིང་།ང་ཚོས་མ་འོངས་པའི་ནང་དེ་ལྟར་མི་འབྱུང་བའི་ཐབས་ཤེས་འཚོལ་དགོས་ཀྱི་འདུགསྤྱིར་བོད་པ་ཞིག་དང་མི་རིགས་གཞན་ཞིག་ཕན་ཚུན་གཉེན་སྒྲིག་བྱེད་པ་མཐོང་ན།མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་ཡོད་མཁན་ཞིག་གི་ངོས་ནས།
གནས་སྟངས་དེ་མཐོང་དུས་སེམས་ལ་མ་བདེ་བ་ཞིག་ཡོད་སྲིད་ནའང་དམིགས་བསལ་བྱ་ཐབས་ཅི་ཡང་མེད་པ་གསལ་པོ་རེད།
༨༽མི་རིགས་བསྲེས་ལྷད་ཀྱི་གནད་དོན་འདི་དུས་ག་དུས་ཤིག་ནས་ཇི་ལྟར་བོད་སྤྱི་ཚོགས་སུ་དར་བ་རེད་དམ།ལྔ་དགུའི་རྗེས་དང་དེའི་སྔོན་གྱི་མི་རིགས་བསྲེས་ལྷད་ཐད་ཀྱི་གནས་སྟངས་ལ་ཁྱད་པར་འདུག་གམ།བྱུང་རིམ་ལ་ཁྱད་པར་འདུག་གམ།མཇུག་འབྲས་ལ་ཁྱད་པར་འདུག་གམ།
ལན།བོད་ཀྱི་མང་ཚོགས་ནང་མི་རིགས་བསྲེས་ལྷད་ཀྱི་འགོ་ཐོག་མ་དུས་རབས་ཉི་ཤུ་པའི་མཇུག་ཙམ་ནས་ཤུགས་ཆེ་རུ་སོང་ཡོད་པ་ངོས་འཛིན་བྱེད་ཆོག་སྟེ།རང་རེ་རྣམས་ཕྱོགས་མེད་དུ་བཀྲམ་དགོས་པའི་དོན་རྐྱེན་འོག་ནས་རིམ་གྱིས་གནས་སྟངས་འདི་ཉེན་ཁ་ཆེ་རུ་སོང་པ་ཞིག་ཡིན།ལྷག་པར་དུ་སྔོན་ཆད་བོད་ནི་འགྲིམ་འགྲུལ་གྱི་དཀའ་ཁག་ཧ་ཅང་ཆེ་བའི་མཐོ་སྒང་ཞིག་ལ་འཚོ་གནས་བྱས་ཡོད་སྟབས་མི་རིགས་གཞན་ལ་འབྲེལ་འདྲིས་ད་ལྟའི་སྐབས་བཞིན་མེད་པ་ལ་བསམ་ན།ད་ལྟའི་སྐབས་བཞིན་ཉེན་ཁ་ཆེ་བ་མེད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་འདུག་པ་དེ་རེད།
ཡང་ཕྱོགས་གཞན་ཞིག་ནས་དེང་སྐབས་འགྲོ་བ་མི་རྣམས་ཀྱི་བདེ་སྡུག་དང་ཁ་ཕྱོགས་མང་པོ་ཞིག་གཅིག་མཚུངས་ཡིན་པའི་ཆ་ནས་སྐྱིད་སྡུག་མཉམ་ཁུར་དགོས་པ་དང་།རང་དབང་གི་ལམ་ནས་རྒྱལ་མཚམས་ཁག་ཀྱང་གུ་ཡངས་པོ་སྒོ་ཕྱེས་ཡོད་པ་སོགས་མི་རིགས་ཕན་ཚུན་འབྲེལ་འདྲིས་ལ་ཚོད་འཛིན་བྱེད་ཐབས་མེད།རེད་དེ།འཛམ་གླིང་ནང་རྒྱལ་ཁབ་ཚང་མ་ཞི་བདེ་བརྟན་བརླིང་ངང་རྒྱལ་ཁོངས་བདག་དབང་བྲལ་བའི་མི་རིགས་དཀོན་པོ་རེད།སྐབས་འདིར་ཁྱིམ་གཞིས་ལ་ངེས་གཏན་མེད་པའི་བོད་པ་ཚང་ལ་མཚོན་ན་མི་རིགས་གཞན་གྱི་ལད་ཟློས་བྱེད་ནས་བསྡད་ན་གཏན་ནས་འགྲིག་ཐབས་མེད་པ་བཤད་ཆོག
བོད་མིའི་ཁྲོད་སྤྱིར་མི་རིགས་ཕན་ཚུན་བསྲེས་ལྷད་དེ་ཐོག་མ་དུས་རབས་བདུན་པའི་སྐབས་ཀྱི་བོད་རྒྱལ་སྲོང་བཙན་དུས་ནས་ཡོད་པར་བཤད་ཆོག་ཀྱང་།ཁོང་ཚོ་མི་རིགས་གཞན་པ་དང་གཉེན་སྒྲིག་བྱས་པ་དེ།རྒྱལ་ཁབ་ཀྱི་རྩ་དོན་དང་།སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས།རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་གནས་སོགས་དགོས་པ་མང་པོ་ཞིག་ལ་དམིགས་ནས་དེ་ལྟར་བྱས་པ་ལས།ད་ལྟའི་སྐབས་ཀྱི་ང་ཚོའི་མི་རིགས་ཕན་ཚུན་བསྲེས་སྟངས་དང་གཏན་ནས་མི་འདྲ།མེས་པོའི་གོང་མའི་མཛད་རྗེས་དང་བཀའ་དྲིན་ལ་བསམ་ཤེས་མེད་པ།
ཁོང་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གནད་དོན་ཅི་ཡང་མི་ཤེས་པར་ཁོང་ཚོ་དང་འདྲ་བར་བསམ་ན་གནས་སྟངས་ཁ་ཤས་ཤིག་གིས་འགྲིག་ཐབས་མེད་ལ།ཡང་མཚམས་རེར་འདི་ལྟར་བསམ་ཆོག་སྟེ།
རིགས་བརྒྱུད་གཙང་མ་སྤེལ་དགོས་ན་ཆེ་ཆུང་མེད་པར་མི་རིགས་བསྲེས་ལྷད་སྐོར་ནས་ནོར་འཁྲུལ་ཤོར་བ་ཐམས་ཅད་ནོར་བའི་སར་བཞག་ན་མི་ཆོག་རྒྱུ་ཅི་ཡང་མེད་པར་བཤད་ཆོག
༩༽བོད་པ་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་རེད།དེས་ན་མི་རིགས་གཞན་སུ་དང་སུ་ལ་གཉེན་སྒྲིག་གི་ཡོད་པ་རེད།རྒྱ་རིགས་རེད་དམ།ཁ་ཆེ་མི་རིགས་རེད་དམ།ཡུ་གུར་བ་རེད་དམ།གཞན་གང་དག་རེད།ཚབས་ཆེ་ཤོས་དང་ཁ་གྲངས་མང་ཤོས་གང་དག་རེད།
ལན།འདིའི་ཐད་མདོ་དབུས་ཁམས་གསུམ་གྱི་སྤྱི་ཡོངས་ནས་རྒྱ་རིགས་ལ་འབྲེལ་བ་མང་ངེས་རེད།མདོ་ཁམས་སྨད་ཕྱོགས་སུ་ཁ་ཆེ་དང་འབྲེལ་བ་མང་པོ་ཡོད་པ་མཐོང་རྒྱུ་འདུག་མོད།གཙོ་བོ་རྒྱའི་རིགས་དང་གཉེན་སྒྲིག་བྱེད་མཁན་ནི་བོད་ཡུལ་སྟོད་སྨད་བར་གསུམ་ན་ས་ཁྱབ་རྡོ་ཁྱབ་དུ་གྱུར་ཡོད།དེ་ནི་རྒྱ་རིགས་གྲངས་འབོར་མང་བའི་སྟབས་ཀྱིས་ཆགས་སོང་བ་རེད།
༡༠༽མི་རིགས་གཞན་དང་གཉེན་མི་སྒྲིག་པའི་ཐབས་ཤེས་ཡོད་དམ།དེ་ཇི་ལྟར་རེད་དམ།
ལན།མི་རིགས་གཞན་དང་མཉམ་དུ་གཉེན་སྒྲིག་མི་བྱེད་པའི་ཐབས་ལམ་གཙོ་བོ་མི་རིགས་ཆགས་འཇིག་གི་གནས་སྟངས་མང་ཚོགས་ཀྱིས་ཤེས་དགོས་པ་དེ་རེད།དེའི་ཐད་ལ་ཕ་མ་དང་།དགེ་རྒན།ཚོགས་སྡེ་ཆེ་ཆུང་གི་ལས་ཀྱི་སྣེ་ཁྲིད་པ།ཤ་ཞེན་ཡོད་པའི་མི་སྒེར་ཚང་མ་ལ་སློབ་གསོ་ཐེབས་སུ་འཇུག་རྒྱུ་འདི་གལ་ཆེན་པོ་རེད།དེ་ནས་མང་ཚོགས་ཀྱི་ངོས་ནས་ཀྱང་བྱ་བ་འདི་མི་རིགས་ཀྱི་ནག་ཉེས་ཡིན་པར་ཤེས་ནས།སྤྱི་ཚོགས་ཀྱིས་གནོད་ཤུགས་ཀྱང་ཡོད་དགོས་པ་གལ་ཆེན་པོ་རེད།འདི་ནི་མི་རིགས་དང་མི་རིགས་བར་གྱི་ཁ་བྲལ་དང་།ཆགས་སྡང་གི་སྐད་ཆ་མིན་པར།འགྲོ་བ་མིའི་རིགས་ཀྱི་གནས་སྟངས་སྤྱི་ཡོངས་ལ་བསམ་མནོ་བཏང་ནས་བོད་ལྟ་བུའི་མི་རིགས་ཤིག་བོར་བརླག་ཏུ་མི་འགྲོ་བའི་ཕྱོགས་ལ་འབད་འབུང་དགོས།བོད་པ་ལ་མཚོན་ན་རང་གི་ཕྱི་ནང་གསང་གསུམ་ཚང་མ་སའི་གོ་ལའི་ཁྲོད་ནས་ཡལ་ལ་ཉེ་བའི་སྐབས་འདིར་རིག་གཞུང་བདག་རྒྱག་དང་།མི་རིགས་ཚུགས་ཐུབ་ངང་ཡུན་རིང་གནས་དགོས་པ་ཤིན་ཏུ་གལ་གནད་ཆེ་བ་སོགས་ལ་བསམ་གཞིག་ངེས་པར་བྱེད་དགོས།་་་་་་་་་་་་ཡིག་ནོར་བཏགས་ནོར་་་་ཡོད་ན་དགོངས་འགལ་མེད་པ་མེད་པ་ཞུ།
ཧོར་བྷ། དཀོན་མཆོག་དར་རྒྱས་ནས་༢༠༡༤་༥་༡༡་ཉིན་འཕྲིན་ཕྲན་ངོས་ཀྱི་དྲི་བ་བཅོ་ལྔ་ལས་བཅུ་ལ་ལན་འདེབས་བྱས་པ།
No comments:
Post a Comment