Wednesday, 7 May 2014

ལྟས་ངན་འོངས།

༡༽
རང་སྣང་དགུང་དང་མཉམ་པའི་རི་ཁ་ནས།།
རྣམ་ཤེས་འཁྱམ་པོ་ནང་དུ་མ་བསྡུས་ན།།
སེམས་པ་རླུང་གིས་སྤུར་བའི་འཁྲུལ་སྣང་གིས།།
རང་སྡེ་ཁ་འཐོར་གཏོང་བའི་ལྟས་ངན་འོངས།།
༢༽
བློ་ཁ་དྲང་པོ་གཤིས་དང་མ་བསྟུན་ན།།
རྫུན་གྱིས་སེམས་པ་བསླུས་པའི་ཟུར་ཁ་ནས།།
ཆོས་སྲིད་གཉིས་ཀྱི་ལུགས་དང་མི་མཐུན་པའི།།
རང་སེམས་ལྟ་བ་ལོག་པའི་ལྟས་ངན་འབྱུང་།།




༣༽
རང་གི་འགན་འཁྲི་བརླགས་པའི་མི་ཡུལ་ན།།
མི་སྒེར་བློ་སྣེ་འཆལ་སྤྱོད་ཆགས་ས་ནས།།
མེས་པོའི་བཀའ་ལ་བརྩི་འཇོག་མི་བྱེད་པར།།
ལམ་དང་ལུགས་སྲོལ་བོར་བའི་ལྟས་ངན་འོངས།།
༤༽
ཕ་སྐད་ཚེ་སྲོག་ཡིན་པ་མ་ཤེས་ནས།།
འཕྲལ་བདེས་འདོད་བློ་ཁེངས་བའི་ས་མཐའ་ན།།
ཚེ་སྟོད་རིགས་ཞེན་བོར་བའི་ནག་ཉེས་དེས།།
སྐད་ཡིག་རིག་གཞུང་བརླག་པའི་ལྟས་ངན་འབྱུང་།།
༥༽
དམར་པོས་རླུང་འཚུབ་གཡོ་བའི་གྲོག་རོང་གི།།
ཁ་བ་རྡུལ་གྱིས་འབགས་པས་སྲིབ་ཁ་ནས།།
མི་སེམས་བཙན་འོག་ལུས་པའི་སྡུག་ཡུས་ཁྲོད།།
གངས་རིའི་བླ་སྲོག་ཤོར་བའི་ལྟས་ངན་འབྱུང་།།
༦༽
སྤུན་ཟླ་དགྲ་རུ་བཟུང་བའི་གཡུལ་ས་ན།།
ཆོས་ཆོལ་འཐེན་ཁྱེར་རྩོད་པའི་ངན་མཚང་ཁྲོད།།
གཞིས་བྱེས་གཉིས་སུ་འཐོར་བའི་ལམ་ཞིག་ཚུགས།།
ཀླད་པ་ནང་མཁྲེགས་བདོ་བའི་ལྟས་ངན་འབྱུང་།།
༧༽
ཕ་མཁར་གཤེད་མས་བཟུང་བའི་བཙོན་ར་ན།།
མི་བུ་དམུ་རྒོད་གྱུར་པའི་སེམས་སྦུགས་ནས།།
ཆོས་དང་འཇིག་རྟེན་བཟང་སྤྱོད་ངོ་མི་ཤེས།།
རང་མིས་རང་རིགས་བཙོང་བའི་ལྟས་ངན་འོངས།།
༨༽
ཆོས་རྒྱལ་ཕལ་ཆེར་གཤེགས་པའི་མཁར་ཤུལ་ན།།
བོད་ཕྲུག་ཕལ་གྱིས་རང་མིར་མཐོང་མི་སྤྲད།།
རང་སྡེ་ཤིན་ཏུ་གཅེས་པའི་མཁས་རྒན་ཚོར།།
སྨྱུ་གུས་དམོད་མོ་བྱེད་པའི་ལྟས་ངན་འོངས།།
༩༽
འཕྲིན་བརྡ་གློག་བཞིན་འཁྱུག་པས་མི་ཡུལ་ན།།
འཕྲུལ་གྱི་བྲན་དུ་གྱུར་བའི་སོ་མཚམས་ནས།།
ལུས་སེམས་དྲྭ་བར་ཚུད་པའི་སྟེས་དབང་གིས།།
ཞི་བདེའི་སེམས་ཁམས་འཁྲུག་པའི་ལྟས་ངན་འབྱུང་།།
༡༠༽
བདེན་དོན་ལག་ནས་ཤོར་བའི་ལོ་ནག་འདི།།
དབང་མེད་རང་སྡུག་མྱོང་བའི་ལྟས་ངན་སྟེ།།
རང་ཡུལ་གཞན་གྱིས་འཕྲོག་པའི་བཙན་གནོན་འདི།།
བསམ་པའི་ཡུལ་ལས་འདས་པའི་ལྟས་ངན་རེད།།
ཧོར་བྷ། དཀོན་མཆོག་དར་རྒྱས་ནས་ཕྱི་ལོ་༢༠༡༤ཟླ་༥ཚེས་༤ཉིན་བྲིས།

No comments:

འཚོལ་ཞིབ།