ཏོག་ཙམ་བསྒུག་དང་གྲོགས་པོ་སེམས་ལྡན་ཁོ་རེ།།
བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས་རེད་དགོ།
གློ་བུར་ཐོལ་རྒྱག་ཚབ་ཚིབ་འདི་འདྲས་ཅི་ཕན།།
འུ་གཉིས་བར་ལ་དགོས་དོན་མི་གདའ་ཨེ་རེད།།
༼

དང་པོའི་ཚིག་ཏེ་གཏམ་གྱི་མགོ་མ་རེད་ལེ།།
བར་གྱི་གླེང་གཞི་གནད་ཀྱི་དོན་ཅིག་ཡིན་ཟེར།།
མཐའ་མ་ཕན་ཚུན་ཡིན་ལུགས་འཚོལ་དགོས་རེད་དགོ།
བདེན་རྫུན་འབྱེད་ནས་རྒྱལ་ཕམ་ཕྱེ་བ་ཡོད་མྱངས།།
༼

འུ་གཉིས་ཕན་ཚུན་ཐུབ་པ་སྤུན་ཟླ་རེད་འགི།
ངར་ཤུགས་མཚོན་ཆ་ནང་ལ་བསྐོར་བ་བཙོག་ཏུ།།
གངས་ཅན་མེས་པོ་ཁ་འཐོར་གཏོང་སྟངས་འདི་འདྲ།།
རིགས་ལ་བཞག་པའི་ཞབས་འདྲེན་ངོ་མ་རེད་ཀོ།
༼

ཁོག་གནག་མི་ཡི་རྒྱབ་འདུན་གཡོ་སྒྱུ་ཡིན་རེད།།
ངོ་པགས་རྫུན་མས་བླུན་པོ་ཟུར་ནས་བསླུ་འོང་།།
སྙིང་ལ་སྒལ་ཚིག་མངའ་བ་སུ་ཞིག་མཆིས་ན།།
རྒྱུ་འབྲས་སྣོག་ནས་ཐུབ་ན་གསོད་ལེ་རེད་གདའ།།
༼

ངེད་གཉིས་ཀླད་སེམས་ད་རུང་ཀླད་ཀོར་རེད་བཞག།
རྩོད་ནས་དཀའ་རྙོག་འཇགས་ཐབས་ཡེ་ནས་མི་གདའ།།
ཚིག་མཚོན་སྤུ་གྲི་བསྡར་ན་དོན་སྒོ་ཆུང་སོང་།།
བསམ་ཤེས་རིན་པོ་ཆེ་ཡིས་འཚམས་འཇོག་བྱེད་དགོ།
ཧོར་བྷས་༡༦༴༢༴༡༨།
No comments:
Post a Comment