Monday, 18 July 2016

གསོན་པོའི་བདེ་དོན།༽

🌺
འཁོར་བའི་ཆོས་ལ་སྙིང་པོ་འཚོལ་བ།།
འགྲོ་བ་སྐྱེ་བོའི་གཤིས་སུ་གྲུབ་ཡོད།།
ཆོས་དང་འཇིག་རྟེན་ཟ་ཟི་ཞིག་གིས།།
རང་དབང་འདི་ལ་ཚད་ཐིག་མ་འཐེན།།
🌺


རང་བྱུང་གདོད་མའི་འཚོ་བ་དྲོད་མོ།།
གཏམ་དང་མི་ཁས་འཐེན་ཁྱེར་མི་འོས།།
འཇིག་རྟེན་ཡོ་ལང་སེམས་ཀྱི་རྟེན་ས།།
ཚོར་བ་རྙོག་མས་དབང་དུ་མ་གཏོང་།།
🌺
འདས་པའི་རྨི་ལམ་ཁ་སང་གཏམ་རེད།།
ད་ལྟའི་འདུན་དུ་ཅི་ཞིག་བཀོལ་འདུག།
མཛེས་སྡུག་སྣང་བ་གང་ཤར་འདི་གོ།
རང་རང་ས་ནས་ལོངས་སུ་སྤྱོད་ཅིག།
🌺
སེམས་ཀྱི་འཆར་ཡན་ཁྲ་ཁྲ་ཟང་ཟིང་།།
ཞལ་བརྒྱ་བ་ཡི་གཏམ་དང་འདྲ་མོད།།
ད་ཡོད་རང་བྱུང་རྟོག་པའི་ཕྱི་ནང་།།
བདེ་ཆེན་ཞིང་གི་གཞིས་ཀ་མིན་ནམ།།
🌺
ཆོས་དཔལ་རིག་གསུམ་སྒྲིན་པའི་གཞི་མ།།
མེད་ན་ཡོད་དགོས་མེད་ཀྱང་ཆོག་འདུག།
འདུ་འཛུའི་སེམས་འདི་ཚེ་གང་སྐྱིད་ན།།
བདེ་བའི་མཆོག་ནི་དེ་ཙམ་ལོས་ཡིན།།
🌺
མ་གཞི་ང་ལ་རྣམ་གཡེང་འབེལ་བས།།
ཚིག་གི་བདུད་པ་གྲོལ་ཐེངས་རེ་རེར།།
སྟོན་ཁའི་རྟ་རྒྱགས་རྟིག་དྲི་འདྲ་ལེ།།
དོན་མེད་ཆིག་ལབ་ཤོར་བ་མང་ཐལ།།
🌺
མདོར་ན་ང་ལ་དོན་སྙིང་དགོས་པས།།
དེ་རིང་འཚོ་གནས་ལུཌ་མཐུན་བྱུང་ན།།
ཁ་སང་སང་ཉིན་དཔྱོད་པས་མི་ལྕོགས།།
གསོན་པོའི་བདེ་དོན་དེད་ནས་བུད་འགྲོ།།
🚶🏻🏃🏻🚶🏻🏃🏻-- ཧོར་བྷས། --༡༦༴༤༴༡༧།🚶🏻🏃🏻🚶🏻🏃🏻

No comments:

འཚོལ་ཞིབ།