Sunday, 30 September 2018

སྔགས་བསྟན་ལ་བསྟོད་པ་རང་བྱུང་སེམས་ཀྱི་འགྱུར་ཁུག།༽

༡༽
མདོ་སྔགས་ཆོས་ཚུལ་དགོངས་པའི་རྩལ་ཆེན་རྫོགས་ཏེ།། ཕ་ཆོས་རིན་ཆེན་ནོར་ལ་དབང་སྟོབས་འབྱོར་བའི།། སྟོན་པ་ཆེན་པོ་མཚོ་སྐྱེས་རྒྱལ་པོ་མཆོག་དང་།། གངས་ཅན་གཏེར་སྟོན་བརྒྱ་རྩའི་ཞབས་ལ་འདུད་དོ།།
༢༽
སྟོན་དང་བསྟན་པའི་གསུང་རབས་བདུད་རྩའི་ཡང་བཅུད།། ལུང་རྟོགས་ཆོས་ཀྱི་སྒོ་འཕར་ཡངས་པོ་ཕྱེ་བའི།། རིག་འཛིན་རྣལ་འབྱོར་དཔའ་བོ་ཌ་ཀིའི་ཚོགས་ལ།། སྙིང་དབུས་དད་གུས་བརྩེགས་མས་རབ་ཏུ་མཆོད་དོ།།
༣༽
མདོ་སྔགས་ཟུང་འཇུག་ཆོས་ཕུང་བརྒྱད་ཁྲིའི་ཉིང་བཅུད།། བསྟན་པའི་ཡང་སྙིང་ཤཱཀྱའི་ཐེག་པ་རིམ་དགུ།། འཆད་རྩོད་རྩོམ་པས་གྲུབ་པའི་ཕ་རོལ་སོན་མཛད།། སྙིགས་དུས་མུན་སེལ་སྔགས་བདག་ཚོགས་ལ་འདུད་དོ།།
༤༽
རིག་པའི་རྩལ་རྫོགས་ཚད་མའི་གདེང་སྤོབས་རྙེད་ཅིང་།། བཀའ་གཏེར་མན་ངག་རིགས་བརྒྱའི་མཛོད་ཆེན་བརྟོལ་ཏེ།། བླ་མེད་འོད་གསལ་སྙིང་པོའི་རང་རྩལ་གྲོལ་བའི།། རྨད་བྱུང་རྫོགས་ཆེན་བརྒྱུད་པའི་ཚོགས་རྣམས་མཆོད་དོ།།
༥༽
གངས་ཅན་མུན་པའི་ཉིན་མོ་གསལ་བའི་སྒྲོན་མེ།། མཁན་སློབ་ཆོས་གསུམ་སྤྲུལ་པའི་གཏད་རབས་རྣམས་ཀྱི།། བཀའ་དྲིན་དྲན་བཞིན་ཨོ་རྒྱན་རྒྱལ་ཚབ་རྣམས་ལ།། བསྟན་པ་ཡུན་དུ་གནས་པར་གསོལ་འདེབས་ཞུའོ།།
༦༽
མདོ་ལུགས་ཤེས་ཙམ་གསང་སྔགས་རྒྱང་དུ་དོར་བའི།། ཐེག་དགུའི་ཆོས་ཀྱི་དགོངས་དོན་སེམས་ཀྱིས་མི་ཟིན།། དུག་ལྔའི་གཟིར་ཞིང་ཆོས་ལ་རིས་སུ་གཅོད་པའི།། མུན་མཐར་འཁྱམ་རྣམས་ངན་འགྲོའི་གཡང་ལས་བསྒྲོལ་མཛོད།།
༧༽
ཐེག་པ་མཆོག་གི་ཡང་སྙིང་གཅིག་ཏུ་རྟོགས་ཤིང་།། བསྟན་པའི་གཞི་མ་དམ་ཚིག་གཙུག་ལ་བཀུར་བའི།། མདོ་སྔགས་ཆོས་ཚུལ་བྱེ་བའི་མཛོད་ཀྱི་མངའ་བདག། མེས་པོའི་ཕ་ཁོལ་རིག་འཛིན་ཚོགས་ལ་བསྟོད་དོ།།
༨༽
བསླབ་གསུམ་དམ་སྡོམ་་སྲོག་གི་ཀ་ཆེན་མ་འགྱེལ།། སྒྲུབ་བརྒྱུད་བརྒྱད་ལ་དད་གཙང་མོས་གུས་མ་འཆུག།། བསྟན་པ་འགལ་མེད་བསྟན་པའི་གནད་ཀུན་མཁྱེན་པའི།། སྔགས་འཆང་རལ་པ་ཅན་རྣམས་རྟག་ཏུ་མཆོད་དོ།།
༩༽
ཡུན་རིང་ལོ་རྒྱུས་མདོ་སྔགས་ཆོས་ཀྱིས་བསྐྱངས་ཏེ།། ནག་ནོག་བསམ་སྦྱོར་ནང་རྩུབ་སྲིད་ལ་མི་དགྱེས།། མཉམ་གནས་འགྲོ་བའི་དོན་ལ་ཉིན་མཚན་བརྩོན་པའི།། བྱང་སེམས་མཐར་ཕྱིན་སྔགས་རིགས་ཚོགས་ལ་འདུད་དོ།།
༡༠༽
ཉམས་རྟོགས་རིག་པའི་རྩལ་ཆེན་ཡང་ཡང་རྫོགས་ཤིང་།། འདི་ཕྱི་གཏན་བདེ་གདོད་མའི་བཙན་ས་ཟིན་ལ།། སྲོག་སྡོམ་ཟེར་བཞིའི་གྲུབ་པའི་རྟགས་མཚན་མོད་པའི།། སྔགས་བསྟན་འདི་ཉིད་ད་དུང་ཡུན་གནས་ཤོག་ཅིག།
🙏🏾ཧོར་བྷས་༡༨༴༠༢༴༢༥ ཉིན་ལ།


No comments:

འཚོལ་ཞིབ།