Sunday, 30 September 2018

ལྷ་སའི་སྒྲོན་མེ་སློབ་གསོ། Lhasa Dreamer.20018

རྒྱལ་ཤོད་པད་དཀར།

སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་ཀྱི་སྐུ་པར།

སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་ཀྱི་སྐུ་པར།

🌷🌷🌷🌷🌷🌷🌷🌷🌷🌷🌷
སྙིང་བརྩེའི་མགོན་ཁྱེད་དཀར་གསལ་ཟླ་བ་བཞིན།།
རེ་ཞིག་དགུང་ལ་གཤེགས་ཀྱང་ཕྱིར་ལ་གཟིགས།།
བགྲེས་པའི་སྐུ་དེ་གཞོན་པའི་གཟུགས་སུ་བསྒྱུར།།
སྐྱབས་མེད་བུ་ལ་ཐུགས་རྗེས་འོད་སྣང་འགྱེད།།
🌷

སྔགས་བསྟན་ལ་བསྟོད་པ་རང་བྱུང་སེམས་ཀྱི་འགྱུར་ཁུག།༽

༡༽
མདོ་སྔགས་ཆོས་ཚུལ་དགོངས་པའི་རྩལ་ཆེན་རྫོགས་ཏེ།། ཕ་ཆོས་རིན་ཆེན་ནོར་ལ་དབང་སྟོབས་འབྱོར་བའི།། སྟོན་པ་ཆེན་པོ་མཚོ་སྐྱེས་རྒྱལ་པོ་མཆོག་དང་།། གངས་ཅན་གཏེར་སྟོན་བརྒྱ་རྩའི་ཞབས་ལ་འདུད་དོ།།
༢༽
སྟོན་དང་བསྟན་པའི་གསུང་རབས་བདུད་རྩའི་ཡང་བཅུད།། ལུང་རྟོགས་ཆོས་ཀྱི་སྒོ་འཕར་ཡངས་པོ་ཕྱེ་བའི།། རིག་འཛིན་རྣལ་འབྱོར་དཔའ་བོ་ཌ་ཀིའི་ཚོགས་ལ།། སྙིང་དབུས་དད་གུས་བརྩེགས་མས་རབ་ཏུ་མཆོད་དོ།།

༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ།༽ Dharma Anouncement.


Monday, 18 July 2016

ཁེར་བཞུད་པའི་ཚོར་རླབས།༽


མུན་པ་ས་ལ་ལྷུང་བའི་མཚན་མོ་འདིར།།
གློག་གི་འོད་མདངས་ཐལ་རྡུལ་སྐྱ་མོས་གཡོག།།
རླངས་འཁོར་མང་དག་སྣུམ་ལམ་རིང་མོའི་འབར།།
སྲིད་འབུ་མེ་ཁྱེར་བཞིན་དུ་གྲལ་ལྟར་རྒྱུ།།
🌌

གསོན་པོའི་བདེ་དོན།༽

🌺
འཁོར་བའི་ཆོས་ལ་སྙིང་པོ་འཚོལ་བ།།
འགྲོ་བ་སྐྱེ་བོའི་གཤིས་སུ་གྲུབ་ཡོད།།
ཆོས་དང་འཇིག་རྟེན་ཟ་ཟི་ཞིག་གིས།།
རང་དབང་འདི་ལ་ཚད་ཐིག་མ་འཐེན།།
🌺

ཁོ་རེ་ཏོག་ཙམ་བསྒུག་ཨ།--༽


ཏོག་ཙམ་བསྒུག་དང་གྲོགས་པོ་སེམས་ལྡན་ཁོ་རེ།།
བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས་རེད་དགོ།
གློ་བུར་ཐོལ་རྒྱག་ཚབ་ཚིབ་འདི་འདྲས་ཅི་ཕན།།
འུ་གཉིས་བར་ལ་དགོས་དོན་མི་གདའ་ཨེ་རེད།།
👊

Sunday, 14 December 2014

མ་ལཱ་ལཱ་ལའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་གཏམ་བཤད།

༼མ་ལཱ་ལཱ་ལའི་ནོར་སྦེལ་གཟེངས་རྟགས།༽ ཕྱི་ལོ་༢༠༡༤ཟླ་༡༢པའི་ཚེས་༡༠ཉིན། འཛམ་གླིང་ནང་སྙན་གྲགས་ཧ་ཅང་ཆེ་བའི་ནོར་སྦེལ་ཞི་བདེའི་གཟེངས་རྟགས་པཱ་ཀི་སི་ཐན་གྱི་བུ་མོ་མ་ལཱ་ལཱ་ལ་ཡིས་བཞེས་ཡོད། མོ་ནི་ལོ་ན་བཅུ་བདུན་ལས་སོན་མེད་ཅིང་། འཛམ་གླིང་ནང་ཞི་བདེ་གཟེངས་བསྟོད་ཐོབ་མཁན་ལོ་ན་གཞོན་ཤོས་གྲས་ཤིག་རེད། དེ་ལས་ཀྱང་དགའ་འོས་པ་ཞིག་ནི། འཛམ་གླིང་ནང་འཇིགས་བསྐུལ་བ་ཧ་ཅང་མང་པོ་འཚོ་གནས་བྱེད་སའི་ཡུལ་དེའི་ཁ་ཆེའི་ཆོས་ལུགས་པ་ཞིག་ལ་ཐོབ་པ་འདིས། འཇིགས་བསྐུལ་བ་དང་། འཇིགས་བསྐུལ་བའི་ཕྱོགས་གཏོགས་ཀྱི་མི་ངན་གང་མང་ལ་ཞི་བདེའི་བསམ་བློ་བསྐྱེད་པར་ཕན་པ་མ་ཟད། ཉམས་ཆུང་ནུས་མེད་ལ་བཙན་གནོན་བྱེད་བཞིན་པའི་སྒེར་གཅོད་རང་ལུགས་པ་རྣམས་ཁེར་རྐྱང་དུ་ལུས་པའི་ཤུགས་རྐྱེན་ཀྱང་ཐེབས་སྲིད། དེ་དག་ལ་ཞིབ་ཏུ་བསམ་ན། དཔེར་ན་རྒྱ་གར་ལྟ་བུའི་ཞི་བདེའི་རྒྱལ་ཁབ་ཀྱི་མི་ཞིག་ལ་ཞི་བདེའི་རྟགས་མ་ཐོབ་པ་ལས་ཀྱང་། འཇིགས་བསྐུལ་བ་དང་། གཏོར་བརྒོལ་བའི་དབུས་ཀྱི་དྲང་བདེན་དང་། ཞི་བདེའི་དོན་དུ་ལས་ལ་བརྩོན་བཞིན་པའི་མི་བུ་རླབས་ཆེན་རེ་ལ་ཞི་བདེའི་བཟང་བསྟོད་ཐོབ་པ་ནི། ཆེས་དགའ་འོས་པ་ཞིག་ཡིན། མ་ལཱ་ལཱ་ལ་མཚོན་ན། རང་དབང་གི་སྒོ་མང་པོ་ཞིག་གི་ཆེད་དུ་མདུན་སྐྱོད་བྱེད་བཞིན་པ་དང་། དམིགས་བསལ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་མཁྲེགས་བཟུང་བྱེད་པའི་མི་རྣམས་ཀྱི་གཡུལ་ས་ནས་བུད་མེད་ཀྱི་ཐོབ་ཐང་རྩོད་པ་དང་། བསམ་བློའི་མནར་མ་སོན་པའི་ཕྲུ་གུ་ཆུང་ཆུང་མང་པོའི་ཐོབ་ཐང་རྩོད་ཅིང་། ཤེས་ཡོན་སྤྲོད་པའི་ལས་དོན་ལ་འཇུག་པ་སོགས་ནི་ཤིན་ཏུ་དགའ་འོས་པ་དང་། མོ་ལྟ་བུ་འཇིག་རྟེན་ཞི་བདེ་ལ་དུང་བ་ཟབ་ཅིང་། འཛམ་གླིང་གི་མི་རྣམས་འདྲ་མཉམ་ངང་བདེ་བར་འཚོ་གནས་དགོས་པའི་དགོངས་འཆར་འདོན་མཁན་གྱི་བསམ་བློ་བ་གཞོན་ནུ་རྣམས་ནི་ཅིས་ཀྱང་དུས་སྙིགས་འདིར་རང་ཅག་ལ་མཁོ་གལ་ཆེའོ།། དེ་བས་ཀྱང་མོ་ནི། དྲག་གནོན་ལ་ངན་གོམས་སོང་བའི་གཏུམ་སྤྱོད་རང་ལུགས་པའི་བཙན་དབང་འོག་གི་མི་ཧ་ཅང་མང་པོའི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་འདུག་པས། དེ་ལ་ཀུན་གྱིས་དགའ་གུས་བྱེད་འོས་ཤིང་། དོན་དུ་འཛམ་གླིང་གི་ཡུལ་གྲུ་དེ་ན་ཞི་བདེའི་ཕྱོགས་སུ་གོམ་པ་ཆེན་པོ་རེ་མདུན་དུ་སྤོ་བཞིན་པ་འདིས་དྲང་བདེན་དང་། ཞི་བདེ་འདོད་པ་རྣམས་ལ་དགའ་བ་བརྗོད་པ་མི་ཤེས་པ་དང་། སྤྲོ་སེམས་དཔག་ཏུ་མེད་པ་རེ་སྦྱིན་པར་བྱེད་ངེས་ཡིན་ནོ་སྙན་མོ།། (ཧོར་བྷས་༢༠༡༤་༡༢་༡༠ཉིན།)
 https://youtu.be/NtzGhrR5IqU

སེམས་ཀྱི་འགྱུར་ཁུག



དཔོན་པོའི་སེམས་པ་གནམ་གྱི་ཀ་བས་བཏེགས་ཡོད།།
བར་སྣང་སྟོང་པ་རླུང་དང་སྤྲིན་པའི་ལམ་རེད།།
མི་དཔོན་སྐུ་ངོ་སྟོང་ཆེན་མཁའ་ཡིས་བསླུས་ན།།
ཉམས་ཆུང་འབངས་ཀྱི་བདེ་སྡུག་གང་དུ་ལུས་འགྲོ།།
སྲ་འཐུས་ས་ལ་རྡུལ་དང་མཉམ་པའི་འབངས་མི།།
ཐལ་རྡུལ་ལྗན་ལྗིན་ཤ་ཚུགས་གསོན་པོ་མ་རེད།།
རྣམ་ཤེས་ཁྲ་མོའི་རྟོག་དཔྱོད་ཤི་ནས་བསྡད་ན།།
རྗེས་ལུས་མུན་པའི་ཀློང་ནས་སུ་ཡིས་སྐྱོབས་འོང་།།
ཆོ་ལོའི་ཁྲི་ལ་བཞེངས་བའི་དེང་གི་བླ་མ།།
རི་བོའི་གཟུགས་འདི་ཆོས་པ་ངོ་མ་མ་རེད།།
འདྲ་མཉམ་ཕྱོགས་མེད་འགྲོ་ལ་བརྩེ་བ་མེད་ན།།
རིས་གཅོད་བློ་འདིས་སུ་ཞིག་ཕུང་ཀྲོལ་གཏོང་འོང་།།
༤༽
ས་འབུ་རྐང་གཉིས་དབུས་ཀྱི་སློབ་མ་ཆུང་ཆུང་།།
ས་ནས་སྐྱེས་པའི་ལྗོན་པའི་རྐང་འཐུང་མ་རེད།།
མེས་པོའི་ཤུལ་བཞག་འཛིན་པའི་སྤོབས་པ་མེད་ན།།
ཕ་མས་དངུལ་ཆུས་བསྐྱངས་བ་འཕྲོ་བརླག་མིན་འགྲོ།།

ཧོར་བྷས་༢༠༡༤ ་ ༡༡ ་ ༦ ཉིན།

Wednesday, 26 November 2014

གྲོས་འདེབས་བདེན་གཏམ་མེ་ལོང་ཞེས་བྱ་བ།


༈གྲོས་འདེབས་བདེན་གཏམ་མེ་ལོང་ཞེས་བྱ་བ།༽ བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །གཞན་ཕན་སེམས་ཀྱིས་གྲོས་འདེབས་གཏམ་ཞིག་གླེང༌། །རང་བློ་ནང་བཀུག་རང་དོན་ཤེས་པ་ཡི། །སྐྱེ་བོ་འགའ་ཞིག་སྲིད་ན་འདི་དོན་སོམས། །སེམས་ཅན་ཐམས་ཅད་རང་བདེ་འདོད་པ་ལས། །ལམ་ལོག་ལམ་གོལ་གྱུར་པས་བདེ་འབྲས་བྲལ། །བོད་ཕྲུག་སྤྲེལ་ཚ་ཅོལ་ཆུང་གསར་ངས་ཆེ། །འདོད་ཐག་ཉེ་ཞིང་བློ་རྒྱ་ཆུང་བའི་ཕྱིར། །ལམ་མཆོག་མདོ་སྔགས་ཉམས་ལེན་འདོད་རྣམས་ཀྱང༌། །ཚེ་འདི་ཆེད་བཟུང་དྲེགས་པ་གཙོ་བོར་བསྟེན། །རྒྱལ་དབང་པདྨའི་གསུང་གི་སྐབས་འགའ་རུ། །ཡེ་ཤེས་ལྷ་ནི་བྱིན་རླབས་རྒྱ་ཆེ་ཡང༌། །ལས་དང་སྐལ་ལྡན་མིན་ལ་སྒྲུབ་ཐག་རིང༌། །འཇིག་རྟེན་ལྷ་འདྲེ་སྒྲུབ་ཐག་ཉེ་བའི་ཕྱིར། །ལས་བཅོལ་དགོས་པ་ཕྲལ་གྱི་ལས་འགའ་ལ། །དགོངས་ཏེ་གསུང་པ་དེ་ལྟར་ཡིན་མོད་ཀྱི། །

Saturday, 6 September 2014

སྨྱོ་ངག་ཧོར་བྱུང་།


༡༽
ཧུ་རུ་རུ་འོ་ཇ་རྔུབ་བཞིན།།
ཧོར་ཕོ་མོ་སྤུན་མཆེད་འཛོམས་སར།།
ཧི་ཧི་ཡི་འཛུམ་ཆུང་ངོགས་སུ།།
ཧི་མ་ལའི་བོད་དེ་དྲན་སོང་།།
༢༽
ཧབ་བགོད་ཀྱི་སྤྲོ་སྣང་རེ་རེ།།
ཧ་ཧ་དང་ཧོ་ཧོས་ངང་ནས།།
ཧེ་བག་གིས་འགྲན་ཟླ་བྲལ་བའི།།
ཧབ་ཧབ་ཀྱི་ཉིན་དེ་བརྗེད་མེད།།
༣༽
ཧོར་ཟླ་ཡི་བཅོ་ལྔའི་ཟླ་ཟེར།།
ཧོབ་དེ་ལ་མཚན་མོའི་མཁའ་ལ།།
ཧེབ་ལང་ནས་འོད་སྣང་འཕྲོས་དུས།།
ཧོར་བྷ་ཚོ་ཇི་འདྲའི་སྐྱིད་འང་།།
༤༽
ཧོན་འཐོར་བའི་སྐད་ཆ་རེ་ལ།།
ཧ་ཅང་གི་བློ་རིག་གཏད་དེ།།
ཧ་མི་གོ་གནའ་གཏམ་ཁྲོད་ན།།
ཧོར་ཕྲུག་ཚོ་སྣང་བ་སྐྱིད་མྱངས།།
༥༽
ཧད་ཧད་ལྟར་སྤྲོ་བའི་བཟི་སྟེ།།
ཧོར་གཞོན་ཚོ་རྩྭ་ཐང་སྟེང་དུ།།
ཧར་བཤད་ནས་མཚན་མོའི་ཞིང་ལ།།
ཧ་ལས་ནས་བསྡད་པ་དྲན་འོང་།།
༦༽
ཧམ་སྨྱོན་གྱི་ཚུལ་འཆོས་བོར་ཏེ།།
ཧབ་ཆ་དང་བྲག་ཅའི་བར་ན།།
ཧོར་བྱུང་གི་སྨྱོ་ངག་མཚར་མོ།།
ཧེ་ཧེ་ཞེས་ཐོལ་གྱིས་ཤོར་སོང་།།














ཧོར་བྷ་ནས་༢༠༡༤་༥་༢༣ལ་བྲིས།

གཡག་རྔ་ལྟ་བུའི་ཧི་མ་ལ་ཡ།


༡༽
དེ་ཡང་ཧི་མ་ལ་ཡ་ནི་མཐོ་སྒང་གི་རི་སུལ་དག་ཏུ་འཚོ་བའི་མི་རིགས་ཤིག་ལ་ཟེར་ཞིང་། གཡག་ནི་རང་ཅག་གི་འཚོ་ཐབས་ཀྱི་ཆ་ཤས་སུ་གྱུར་མྱོང་བའི་སྒོ་ཟོག་ཅིག་གི་མིང་ཡིན།རྔ་མ་ནི་དེའི་གཟུགས་པོའི་སྨད་ཀྱི་ཆ་འཕོང་ཚོས་ངོས་སུ་འཇར་ཡོད་པས།སྐབས་རེར་དེ་ལ་གཡག་གི་མཇུག་མ་ཞེས་འབོད་དུས་ཀྱང་ཡོད་པ་དེ་ལ་རྔ་མ་ཞེས་གྲགས།
དེ་རིང་ངས་འདིར་རྔ་མ་དང་མི་རིགས་ཤིག་ཕན་ཚུལ་འདྲ་བར་བཤད་འདོད།རེད་དེ།རྔ་མ་ནི་དུད་འགྲོ་ཞིག་གི་ལུས་ཀྱི་ཆ་ཤས་རེད།མི་ནི་དུད་འགྲོ་ལས་ཀྱང་ལྷག་པའི་རྣམ་རིག་ཕུལ་བྱུང་གི་སྐྱེས་བུ་ཞིག་ཡིན།དེ་ལྟར་ན་རྔ་མ་དང་མི་གཉིས་བར་ལ་གནམ་དང་ས་ལྟ་བུའི་བར་ཁྱད་ཆེན་པོ་ཡོད་པས།ཕན་ཚུན་མཚུངས་ཆོས་སུ་ནམ་ཡང་འགྲུབ་ཐབས་མེད་པ་རྒྱུ་མཚན་དུ་བྱས་ནས།ཡི་གེ་འདི་ཀློག་པ་པོས་སྐད་ཆའི་མགོ་བརྗོད་མཐོང་བ་དང་ཤོག་ངོས་འདི་བརྒལ་ནས་མཆོང་བ་དང་ལྡིང་སྲིད་ཀྱང་།རྒན་པོའི་ཁ་དཔེར།གནས་ལུགས་ཡོད་ན་བྱིས་པའི་གཏམ་ཀྱང་ཉོན།རྒྱུ་མཚན་མེད་ན་མཁས་པའི་ངག་ཀྱང་སྐྱུངས་ཟེར་བ་ལྟར། སྐབས་འདིར་སྐད་ཆའི་བང་རིམ་ཁྲོད་དུ་བཅུད་ལེན་སྙིགས་དོར་གྱི་གནད་རེ་ཡོད་མེད་གཟིགས་རྒྱུ་ནི་ཀློག་པོ་པོའི་འོས་འགན་ཡིན་པའང་བརྗེད་མི་རུང་བ་ཡིན་ནོ།།

Friday, 15 August 2014

མ་སྒོམ་འཕྲུལ་གྱི་ཞལ་སྐྱིན།


ལྷོ་མཐའི་ནགས་ཚལ་སྟུག་པོའི་གྲུ་ངོགས་ཤིག་ན།།
མི་རྐྱང་ཚེ་མཐའ་ཆོས་ཀྱིས་སྣང་བས་བྲིད་དེ།།
གོམ་ཁ་རི་ལ་གཏད་པའི་ལམ་སྣེ་ཞིག་ནས།།
ཟ་ཟེད་གཡེང་བའི་སྟོང་པས་གནས་ཤིག་རྙེད་བྱུང་།།
 ༢༽
མི་མེད་དབེན་པའི་རི་འདབ་བྲག་སྐྱིབས་དེ་ན།།
 འཇིག་རྟེན་སྣང་བ་རྫུན་པའི་བློ་ལ་བཅོལ་ཏེ།།
 བདེན་དོན་སྙིང་ལ་སྒོམ་པའི་ཐུན་མཚམས་བར་ནས།།
 མ་བསྒོམས་འཕྲུལ་གྱི་ཞལ་སྐྱིན་འོད་དུ་འཚེར་བྱུང་།།
 ༣༽
ཉི་མའི་དཀྱིལ་འཁོར་རྒྱལ་ཕུབ་རྩེ་ནས་ཡལ་སོང་།།
མི་རྟག་འདུ་འབྲལ་སྣང་བའི་བརྡ་རྟགས་ཐོན་འདུག།
 དད་པའི་རྡོག་ཁྲིས་མཆོད་རྟེན་མཐའ་ནས་འཁོར་ཡང་།།
 སེམས་ཀྱི་ཨ་ལོང་མཛེས་མའི་སྒེག་གྱིས་འཐེན་བྱུང་།།
 ༤༽
སེམས་ཀྱི་རྒྱུ་བ་འདུ་འཛི་སྟོང་གིས་གཟིར་ཞིང་།།
 བཙུན་པའི་འདུན་མ་སྟོང་བསམ་མཁའ་ལ་ཐིམ་སོང་།།
 ཆོས་པའི་རང་ཚུགས་སྲ་མོ་བྲག་རི་འདྲ་ཡང་།།
 སྣང་བ་སྒེག་མོའི་བསླུ་བྲིད་ཐོག་བཞིན་བཙན་གི།
 ༥༽
ཟབ་གསང་ཆོས་ཀྱི་ཤེས་རབ་མཐའ་རྒྱ་མ་ཆོད།།
 སྣང་བ་དབྱིངས་ལ་ཐིམ་པའི་གནས་ལུགས་མ་བརྙེད།།
 བདེན་རྫུན་དབྱེ་བ་འབྱེད་པའི་དཔྱོད་ཤེས་བོར་སོང་།།
 རྣམ་ཤེས་དྲི་རྟགས་ཁྲོད་ནས་རྒས་པོ་ཆགས་སོང་།།
 ༦༽
སྨྱུག་གུ་ཤོག་ངོས་བརླགས་པའི་ཆས་སུ་གྲུབ་ཀྱང་།།
 རང་སྣང་རྗེན་པར་བརྗོད་པའི་འདུ་ཤེས་བཙན་པོ།།
 དབང་མེད་ཐོད་ལ་བསྐོས་པའི་ལས་དབང་ཇི་བཞིན།།
 མི་ཡི་མདུན་ནས་བགྲེང་སྟེ་ཐོལ་གྱིས་ཤོར་སོང་།།


 ཧོར་བྷ་༢༠༡༤་༢་༢༦ཉིན་བྲིས།

འཚོལ་ཞིབ།