Friday, 17 January 2014

གསར་འགོད་པས་རྡོ་རྗེའི་སྐོར་ལ་བསམ་གཞིག ་༣༽

དབྱར་གྱི་དུས་སྟོན་གསར་པ་ཞིག་འཇིག་རྟེན་འདིར་དལ་གྱིས་ཤར་ཅིང་། ཡུལ་གྲུ་གང་སར་སྔོ་ལྗང་མཛེས་པའི་དྲི་བསུང་འཐུབ་ཅིང་། དྲོད་མདངས་ཉི་མའི་ཚ་ཟེར་གྱིས་ཞིང་པ་རྒན་པོ་རྣམས་ཤིང་སྡོང་དག་གི་གྲིབ་གསིལ་ལ་རེ་བའི་དུས་ཤིག་རེད།



ཉིན་དེར་རྡོ་རྗེ་ཡང་གཞུང་གི་ལས་ཀ་ཕྲན་ཚག་དེས་ཆེད་སྲང་ལམ་དུ་ལྕགས་རྟ་འཁོར་ལོ་ཁྲིད་དེ་པདྨ་ལྷ་མཚོའི་སྐོར་དྲན་བཞིན་ལམ་དུ་ཆས། ད་ལྟའི་ཆར་རྗོ་རྗེ་དང་པདྨ་ལྷ་མཚོ་ཕན་ཚུན་ཐུག་འཕྲད་དང་། མཉམ་འགྲོག་མཉམ་འདུག་གི་དུས་ཚོད་རྣམས་སྔར་ལས་ཉུང་རུ་སོང་ཡང་། རྡོ་རྗེས་བརྩེ་དུང་གི་དུང་བ་ཅེ་ཟབ་མིན་ན་ཅེ་ཞན་དུ་སོང་ག་ལ་ཡོད།



སྐབས་དེར་རྡོ་རྗེ་རྣ་ལམ་དུ་བྱང་ཆ་ཆེ་བའི་སྐད་གསང་སྙན་མོ་ཞིག་ཐོས་པའི་ཚོར་སྣང་སྐྱེས་པས། ཁོས་ལྕགས་རྟ་ཁྲིད་པའི་དཀའ་ཚེགས་དང་། ཚ་ལམ་ལམ་གྱི་ཉི་མའི་འོད་ཀྱིས་རེག་པ་ཡང་ཚོར་མེད་དུ་གྱུར་སོང་།



ཨོ་་་། དེ་ནི་པདྨ་ལྷ་མཚོའི་སྐད་ངག་རེད་ལ། བསིལ་འཇམ་ལྡན་པའི་དབྱར་ཀའི་སྦྲང་ཆར་དང་མཚུངས། དེ་བས་ཀྱང་མོའི་མཛེས་སྡུག་གི་ལང་ཚོ་དང་། ལྡེམ་མྱུར་གྱི་སྒེག་འགྲོས། གནག་སྣུམ་ལྡན་པའི་སྐྲ་ལོ་སོགས་ཁོའི་མིག་ལམ་དུ་གྱུར།



རྡོ་རྗེ་སྤྲོ་འཛུམ་དཔག་མེད་ཀྱིས་མྱོས་ཏེ་སེམས་ཁོང་ན་ཉར་བའི་སྙིང་གཏམ་མང་པོ་ཞིག་ལང་ལོང་དུ་གཡོ་ཞིང་། དེ་མཚུངས་སུ་དེ་དག་མོ་ལ་བཤད་འདོད་ཀྱིས་ཁེངས་ཏེ་ཚོར་སྣང་གི་ཟབ་ས་ནས་སྤྲོ་སེམས་རྒྱས་བྱུང་།།



རེད་དེ། བསམ་ཡུལ་ལས་འདས་པ་ཞིག་ལ། ཕོ་གཞོན་དར་མ་ཞིག་གིས་རླངས་འཁོར་ཆུང་ཆུང་ཞིག་བཏང་ནས་སླེབས་པ་དང་། པདྨ་ལྷ་མཚོའི་འགྲམ་དུ་བཀགས་པས། པདྨ་ལྷ་མཚོ་ཡང་སྣང་དོགས་མེད་པར་དེའི་ཕྱོགས་སུ་བསྐྱོད་སོང་།



གློ་བུར་དུ་རྡོ་རྗེས་དེ་མཐོང་བ་དང་། འཁྲུལ་སྣང་ཞིག་གམ་ཡང་ན་རྨི་ལམ་ཡིན་མིན་མི་ཤེས་པའི་ཚད་དུ་གྱུར་སོང་།



དངོས་ནས་བཤད་ན་ཕོ་གཞོན་དེ་ནི་བསམ་གཏན་རེད་ལ། ཁོ་ནི་སྤྱིར་བཏང་གི་མི་ཞིག་མིན། ཕལ་བ་མི་དཀྱུས་མ་རྣམས་ལ་གཏམ་ལན་སྤྲད་པའང་དཀའ་བར་བརྩི་བའི་འབྱོར་ལྡན་གྱི་ཕོ་གསར་ཞིག་ཡིན།



ད་དུང་རྡོ་རྗེ་ཡིད་ཆེས་དང་གཞུང་དྲང་གི་སྤྱོད་པ་དེས་རྣམ་འགྱུར་བསྟན་ནས་པདྨ་ལྷ་མཚོ་ལ་འཛུམ་གྱིས་བསུས་ཤིང་། ལག་པའི་བརྡ་བསྟན་ཡང་སྣང་འཇོག་སྤུ་ཙམ་ཡང་མི་བྱེད་པར། མོས་ལམ་སང་རླངས་འཁོར་གཡོན་གྱི་སྒོ་ཕྱེ་ནས་ནང་དུ་འཛུལ་བ་མཐོང་།



དེ་མ་ཐག་རྡོ་རྗེ་ཧང་སང་ཞིང་ངོ་གདོང་ཡང་<འགྱུར་ཏེ་ཅི་ཡིན་མི་ཤེས་པའི་ཚོར་བ་རྣོན་པོ་ཞིག་གིས་སྙིང་ལ་བཟོད་པར་དཀའ་བའི་སྡུག་བསྔལ་དང་། བརྗོད་མི་ཤེས་པའི་ཚོར་བ་སྐྱུར་མོ་ཞིག་ལངས་པས་སྡུག་གི་ཁུར་ཆེན་ཞིག་ཏུ་གྱུར་སོང་།

དགུང་སྔོན་དབྱིངས་ནས་འོད་ཟེར་སྤྲོ་བའི་རྟ་བདུན་དབང་པོ་དེ་ཡང་སྡུག་གི་མུན་པ་སྟེར་བའི་གཏེ་པོ་ཞིག་དང་མཚུངས།



སྤྱིར་རྡོ་རྗེ་ཅོལ་ཆུང་གི་རྣམ་པ་ཆེ་དྲགས་པ་ཡིན་ནམ། གང་ལྟར་གནས་ཚུལ་དེ་མཐོང་བ་ནས་བཟུང་རང་གི་མི་ཚེའི་མདུན་ལམ་ལ་ཡིད་ཐང་ཆད་ཅིང་། འཆི་བའི་ལམ་དུ་བགྲོད་ནའང་ཐུབ་པའི་ཚོར་སྣང་ཞིག་གིས་ནམ་ཡང་བསུབ་ཏུ་མེད་པའི་རྨ་ཁ་ཞིག་བཟོས།



བསམ་གཏན་དང་པདྨ་ལྷ་མཚོ་གཉིས་ཀྱིས་སྣང་མེད་ཐོག་རིན་ཐང་ཆེ་བའི་རླངས་འཁོར་ཆུང་ཆུང་དེར་ཞུགས་ནས་ཡངས་ཤིང་རྒྱ་ཆེ་བའི་གནག་སྣུམ་ཅན་གྱི་ལམ་བུར་བརྒྱུད་དེ་རིམ་གྱིས་མིག་ལམ་དུ་མི་སྣང་བར་གྱུར།



རྡོ་རྗེ་ནི་མདས་བསྣུན་པའི་ཤ་རྐྱང་རྨས་མ་ཞིག་དང་འདྲ་བར་ཁོང་གཉིས་འགྲོ་སའི་ཕྱོགས་སུ་བལྟས་ནས་གནས་དེ་ཡུན་རིང་དུ་དེ་ལྟར་ལུས་སོ།།



ཉིན་དེ་ནས་བཟུང་བསམ་གཞིག་ལྕི་མོའི་ཀློང་དུ་སྔོན་གྱི་རྟོག་གོམས་འཁྱམ་པོ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འཁོར་ཞིང་། བཀག་ནའང་འགོག་མི་ནུས་པའི་བག་ཆགས་མཐུག་པོ་དེས་རྡོ་རྗེའི་ལུས་ཁམས་ཡོངས་རྫོགས་བཅོམ་ཞིང་ལྟོགས་སྐོམ་གྱིས་མནར་བའི་ཁྱི་ལྡོམ་བཞིན་དུ་གྱུར་པར་མ་ཟད། འཇིག་རྟེན་གྱི་བྱ་བ་མཐའ་དག་མདང་དགོང་རྨིས་པའི་རྨི་ལམ་བཞིན་གསལ་ལ་མི་གསལ་བ་ཙམ་དུ་གྱུར་ཏེ་འཆར་འགོད་ཡོད་ཚད་ཀྱང་སྟོང་བསམ་ཁོ་ན་ལས་མ་འདས།



རྡོ་རྗེ་ལ་བཟོད་དཀའ་བའི་སེམས་ཚོར་མ་རུངས་པ་དེས་བསམ་བློའི་ནང་དུ་བདེ་སྐྱིད་ཀྱི་དྲོད་ཁོལ་མེད་ལ། སྔར་མཛེས་སྡུག་ལྡན་པའི་ཁོར་ཡུག་དག་ཀྱང་གཤིན་ས་ཞིག་དང་ཀུན་ནས་མཚུངས་པར་མ་ཟད། རང་ཉིད་རང་ལ་ཡི་མུག་སྐྱེས་ཤིང་ཁེར་རྐྱང་དུ་ལུས་པའི་ཚོར་སྣང་ཞིག་གིས་བཟི་རུ་བཅུགས།



དེ་གའི་ངང་ཟླ་གཅིག་ཙམ་གྱི་དུས་ཚོད་འདས་སོང་མོལ། ཉི་མ་རེ་རེ་ལོ་ལའི་རིང་<ཞིང་། ལུས་སྟོབས་ཞན་ནས་སྐྱོ་ནས་སྐྱོ་རུ་ཕྱིན་སོང་།



རྡོ་རྗེས་ནམ་ཡང་ཡལ་མི་ཐུབ་པའི་བརྩེ་དུང་ཟབ་མོ་དེ་མོ་ལ་ཕུལ་བ་ནས་བཟུང་། པདྨ་ལྷ་མཚོ་སེམས་ནས་བརྗེད་མི་ཐུབ་པ་དང་། སེམས་པ་ད་དུང་མུ་ནས་དེའི་ཕྱོགས་སུ་འཁྲེང་།



བཤད་མི་ཤེས་པ་ཞིག་ལ། པདྨ་ལྷ་མཚོ་དང་ཕན་ཚུན་ཐུག་འཕྲད་མ་བྱུང་བར་ཉིན་ཞག་ཅི་ཙམ་འདས་པ་དེ་ཙམ་གྱིས་དྲན་གདུང་ཆེ་རུ་ཕྱིན་པར་མ་ཟད། སྔོན་ཆད་མི་ཚེ་གཅིག་གི་བདེ་སྐྱིད་བཅོལ་སའི་མོ་དེ་གཞན་གྱིས་བསླུས་ཟིན་པའང་ཤེས་སོང་།



ཁྱད་མཚར་བ་ཞིག་ལ། མོ་བསམ་གཏན་དང་མཉམ་དུ་འགྲོགས་པ་མཐོང་ཐེངས་རེར་རྡོ་རྗེའི་སེམས་ཀྱི་ན་ཟུག་ཇེ་ལྕི་ལ་སོང་བ་དང་། ཁོས་སྐྱོ་བའི་སྨིན་མ་བསྡུས་ཤིང་འདྲེན་བྱེད་ཟུམ་སྟེ་དངན་པ་རིང་པོ་རེ་འཐེན་ནས། སླར་ཡང་མིག་ཟུང་ཕྱེ་སྐབས་རང་གི་འཁྲིས་སུ་ཡོད་པའི་ལྕགས་རྟ་དེ་མིག་ལམ་དུ་བཀྲ་ལམ་མེར་གསལ།



ལོ་རབས་དུ་མའི་རིང་ཁ་ཡོད་ལག་ཡོད་ཀྱི་ཕན་འདོགས་པའི་མཛའ་གྲོགས་དང་། བསླུ་བ་མེད་མཁན་ནི། རྙིང་རོལ་དུ་སོང་བའི་ལྕགས་རྟ་རང་ལས་གཞན་མེད་པར་རྟོགས།



ལས་དབང་འདིས་སྣེ་ཁྲིད་བྱས་སོང་བ་ཡིན་ནམ། གང་ལྟར་རྡོ་རྗེ་རང་གི་འདོད་ཐོག་ཏུ་མ་སོང་བའི་རྐྱེན་ལ་ཁ་གཡར་ནས་རང་ཡུལ་གསེར་ཉུལ་གྲོང་སྡེའི་ཡུལ་ལུང་དེ་དང་ཁ་འབྲལ་འདོད་སྐྱེས་པ་རེད།



ཕྱི་ཉིན་སྐྱ་རེངས་བུ་མོས་འཇིག་རྟེན་དེར་འཇོ་སྒེག་ངོམ་པ་དང་རྡོ་རྗེ་མལ་ལས་ལྡང་ནས་ཕྱི་རོལ་ཏུ་ཕྱིན་པས་བྲག་དཀར་ལྷ་རྫོང་གི་གྲོང་ཁྱེར་དེ་དུད་ཞགས་འདྲེས་མའི་རྣམ་པ་ཞིག་གིས་མིག་ལམ་དུ་གསལ།



གནག་ཅིང་ཁ་ཞིང་ཆེ་བའི་གཞུང་ལམ་དེ་ཆར་ཟིམ་ཟིམ་ཞིག་གིས་བརླན་ཅིང་། འགྲིམ་འགྲུལ་སྣུམ་འཁོར་མི་འདྲ་བ་རེ་གཉིས་ཆད་མེད་དུ་སྐྱོད་བཞིན་འདུག་པ་དང་། རང་གི་བསམ་པའི་ཚོར་སྣང་ལ་ཡུལ་ལུང་འདི་དང་ཁ་འབྲལ་འདོད་འགོག་མེད་དུ་སྐྱེས་པའི་མཐར་ཕ་ཡུལ་འདི་ལ་གྱེས་ཕྱག་བྱེད་རྒྱུར་ཐག་བཅད།



དེ་དང་ཆབ་ཅིག་ཤུལ་དུ་གནས་པའི་ཕ་མ་ནང་མི་རྣམས་མྱུར་མཇལ་ཐུབ་པ་དང་། པདྨ་ལྷ་མཚོས་གཏན་གྲོགས་གཞན་ཞིག་འདོད་མོས་བྱས་པའི་ཁ་ཕྱོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ཞིག་བསྐྲུན་ཐུབ་པར་བཅོས་མིན་སེམས་ཁོང་ནས་སྨོན་ལམ་བཏབ་ཅིང་། ལྷིང་འཇགས་ལྡན་པའི་ཞོགས་པ་དེར་བྲག་དཀར་ལྷ་རྫོང་གི་འགྲིམ་འགྲུལ་འབབ་ཚུགས་སུ་གོམ་སྟབས་བསྒྱུར་རོ།།

མུ་འཐུད་ནས་་་་་་་་་་་་་་་་་་་་་་་་་་་འགོད་རྒྱུ་ཡིན

No comments:

འཚོལ་ཞིབ།