Friday, 17 January 2014

སྐྱོ་གཏམ་གློ་བུར་བ།

ཉོན་མོངས་དུག་ཆུས་རླན་པའི་སེམས་ཀྱི་ཕྱི་ནང་།།
མ་དག་འཁོར་བའི་གྲོང་དུ་དབང་མེད་འཁྱམ་ཡང་།།
དག་པ་ཆོས་ཟད་ཀློང་གི་དགོངས་པ་བརྙེས་པའི།།
མཚུངས་མེད་གྲུབ་དབང་བླ་མ་དད་པས་འབོད་དོ།།


དུས་མཐའི་ངན་དགུའི་སྨག་མུན་རབ་ཏུ་འཐིབས་ཤིང་།།
མ་རུང་སྐྱེ་བོའི་ལོག་པའི་རྨོངས་སྤྱོད་རྩུབ་མོས།།
སྐྱི་གཡའི་གཏམ་གྱིས་གོ་ལ་འུར་གྱིས་དཀྲོགས་དུས།།
བྱམས་ལྡན་བླ་མའི་ཐུགས་ཀྱང་འགུལ་བ་ཨེ་བྱུང་།།




གཞིས་དང་བྱེས་སུ་གྱེས་པའི་ལོ་ནག་འདིའི་ནང་།།
རླབས་ཆེན་མེས་པོ་གང་མང་ཞིང་དུ་གཤེགས་སོང་།།
ཡབ་རྗེ་ཁྱོད་དང་ཕ་མ་འདུ་འབྲལ་འདི་ཡང་།།
བསམ་པའི་ཡུལ་ལས་འདས་སོང་ཐུགས་རྗེ་མ་ཆུང་།།

སྐྱོ་གདུང་འདྲེས་མའི་པིར་རྩེ་གང་དུ་སྐོར་ནས།
མི་ཟད་སྡུག་གིས་གནོང་བའི་སེམས་ཀྱི་རི་མོ།།
ནན་གྱིས་བཙིར་ནས་བསམ་ན་ཟད་དུ་མེད་རུང་།།
གློ་བུར་གཏམ་གྱིས་བསྐུར་ནས་དེ་ཙམ་ཐལ་སོང་།།

ཧོར་བྷ། དཀོན་མཆོག་དར་རྒྱས་འབོད་པས་༢༠༡༣/༡༠/༩ ཉིན་བྲིས།།


No comments:

འཚོལ་ཞིབ།