Friday, 17 January 2014

གསར་འགོད་པས་རྡོ་རྗེའི་སྐོར་ལ་བསམ་གཞིག ༤་༽

འདོན་ཐེངས་གསུམ་པའི་འཕྲོས།༽
རེད་ཡ། རྡོ་རྗེ་ལགས། ཁྱེད་ནི་སུ་ཞིག་གི་ཆེད་ཡུལ་གྱི་བྱམས་སེམས་ཆེ་བའི་ཕ་མ་དང་། ཁྱེད་ལ་དུས་རྒྱུན་བཞད་གད་སློང་བའི་རཙེད་དགའ་ཅན་གྱི་སྲིང་ཆུང་བདེ་མཚོ། རང་ཉིད་ཆེས་ཐོག་མའི་འཚར་ལོངས་བྱུང་སའི་ཕ་ཡུལ་སོགས་བསྐྱུར་ཏེ་ཅིའི་ཕྱིར་གསང་སྟབས་ཀྱིས་བྲོས་པ་ཡིན།



གལ་ཏེ་ཁྱེད་རང་གིས་པདྨ་ལྷ་མཚོའི་ཕྱོགས་སུ་སེམས་པ་འཁྲེང་བའི་བརྩེ་དེ་བཟོད་མི་ཐུབ་པ་དང་དེ་འདྲའི་ལྷད་མེད་ཅིག་ཡིན་ན། མོ་ལ་བཅངས་བའི་བརྩེ་དུང་དེ་རང་གིས་བསྐྱར་དུ་གསལ་བཤད་ཅིག་གམ།

ཡང་ན་པདྨ་ལྷ་མཚོའི་མཛའ་གྲོགས་གསར་པ་དེ་ཡང་རྣམ་རིག་དང་ལྡན་པའི་མི་ཞིག་ཡིན་ངེས་པས། ཁྱེད་ཀྱིས་ཁོང་ལ་འགྲེལ་བརྗོད་ཙམ་ཡང་མེད་པར་གོ་མེད་ཚོར་མེད་ངང་རང་ཡུལ་སྐྱུར་ནས་ས་གནས་གཞན་ཞིག་འགྲིམས་པ་དེ་ངེས་པར་དུ་ནོར་མི་འདུག་གམ།



ཡང་ཕྱོགས་གཅིག་ནས་བསམ་ན། ཁྱེད་ནི་སྔ་རབས་གངས་ཅན་པའི་གོམས་གཤིས་བཟང་པོ་ལ་དེང་དུས་ཀླད་སྟོང་གི་དྲི་མས་མ་བསླད་པ་དང་། རང་གི་ལས་དོན་གང་ཞིག་ཡིན་ཡང་བློ་ཐག་བཅད་ཅིང་གཞན་ཕན་བཟང་པོ་དེས། པདྨ་ལྷ་མཚོ་དང་བསམ་གཏན་གཉིས་ལ་བར་ཆད་མེད་པའི་ཆེད་དུ་ཁྱེད་ཉིད་ཐོན་སོང་བ་ཡིན་ངེས་སོ།



ཉིན་ཞག་ནི་སྐད་ཅིག་སྐད་ཅིག་གིས་ཕར་ཕར་འདས་ཏེ་གཟའ་འཁོར་གཉིས་གསུམ་ཞིག་སོང་ཟིན། རྡོ་རྗེ་གང་དུ་ཕྱིན་པ་གྲོང་ཚོ་སྟོད་སྨད་སུས་ཀྱང་མཐོང་ཐོས་མེད་པར་གྱུར་པའི་ཁར་ནང་དུ་ལོག་རྒྱུ་མེད་པའི་དབང་གིས་ཕ་མ་ནང་མི་གསུམ་པོས་སེམས་སྡུག་བྱས་ཏེ།

ངེད་ཀྱི་བུ་ལ་ཆགས་སྒོ་ཅི་ཞིག་བྱུང་པ་ཡིན་ནམ་ཞེས་སྐྱོ་བའི་སྨྲེ་སྔགས་འདོན་བཞིན་ཡར་མར་ཐེངས་མང་པོ་བཙལ་ན་ཡང་རྡོ་རྗེའི་གྲིབ་མ་ཙམ་ཡང་མ་མཐོང་།



ཉིན་ཞིག་རྡོ་རྗེ་ཁོང་གི་གྲོགས་པོ་བསོད་ནམས་དོན་གྲུབ་ཀྱིས་བརྗོད་དོན་ལ། རྡོ་རྗེ་གར་སོང་གི་སྐོར་མགོན་པོ་བཀྲ་ཤིས་ཚང་གི་བུ་མོ་པདྨ་ལྷ་མཚོ་ལ་དྲིས་དང་ཁོང་གཉིས་བརྩེ་གྲོགས་ཡིན་པས། མོས་གསལ་ཐག་ཆོད་ཅིག་གོ་ངེས་རེད་ཅེས་བཤད་བྱུང་།





མ་སྐྱིད་འཛོམས་ཀྱིས་པདྨ་ལྷ་མཚོའི་འགྲམ་དུ་ཕྱིན་ནས་གུས་ཞབས་དང་བཅས་ངག་ཚིག་འཇམ་པོའི་སྒོ་ནས་རྡོ་རྗེའི་གནས་ཚུལ་སྐོར་དྲིས་ཚེ། ཁོ་མོས་ཀྱང་ཇི་ལྟར་ཤེས་ཟེར་ནས། ངོ་ཤེས་འདོག་གི་རྣམ་འགྱུར་ཙམ་ཡང་མཐོང་མ་ཐུབ་པས་ཕྱིར་མི་ལོག་ཐབས་མེད་རེད།



མཐར་རྡོ་རྗེ་འཚོལ་བའི་ཐབས་ཤེས་གང་ཡང་མ་རྙེད་པ་དང་། ཕ་དཔལ་རྒྱལ་དང་སྲིང་མོ་བདེ་མཚོ་གཉིས་གཞུང་གི་ཉེན་རྟོག་པའི་དྲུང་དུ་ཕྱིན་ཏེ། འུ་ཐུག་པའི་སྐད་དང་ཡིད་སྐྱོ་བའི་རྣམ་འགྱུར་ཞིག་མངོན་བཞིན། ངེད་ཀྱི་བུ་རྡོ་རྗེ་བོར་བརླགས་སོང་ནས། ཉིན་ཤས་འདས་ཀྱང་འདི་ཡིན་འདི་མིན་གྱི་གནས་ཚུལ་ཅུང་ཟད་ཀྱང་མ་ཐོས་པས། ཁྱེད་ཅག་གིས་ང་མི་རྒན་གྱི་ངོ་ལ་གཟིགས་ཏེ་རྡོ་རྗེ་ལ་གནས་ཚུལ་ཅི་བྱུང་དང་གར་ཡོད་ཀྱི་རྩད་གཅོད་གནང་རོགས་ཞེས་རེ་འབོད་བྱས་འདུག



གནས་ཚུལ་དེ་ཚོ་རིམ་བཞིན་གྲོང་ཁྱེར་གྱི་གསར་འགོད་པ་རྣམས་ཀྱིས་ཀྱང་ཉིན་རེའི་ཚགས་པར་དང་། གསར་འགྱུར་ཁག་གི་ནང་བསྒྲགས་པས་ཐམས་ཅད་ཀྱི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར།



སྐབས་དེར་ཉེན་རྟོག་རུ་ཁག་གིས་ཀྱང་དེའི་སྐོར་ལ་དོན་གཉེར་རྒྱ་ཆེར་བྱེད་བཞིན་ཡོད་ཅིང་། རྡོ་རྗེའི་ནང་མི་ཡོངས་ནས་ཁོང་རྣམས་ཀྱིས་གནས་ཚུལ་གྱི་ཐག་གཅོད་ཅི་ཡོང་ལ་རེ་སྒུག་བྱེད་པ་ལས་གཞན་ཐབས་ཤེས་གང་ཡང་མ་རྙེད་པར་འདང་བསམ་ལྕི་མོ་ཞིག་གིས་ཉིན་མཚན་བར་མེད་དུ་མནར།



མ་སྐྱིད་འཛོམས་ཀྱིས་གྲོང་སྡེའི་གཡས་གཡོན་གྱི་ཁྱིམས་མཚེས་སྙིང་ཉེ་བ་རེ་ཐུག་ཚེ། རང་གི་བུ་ལ་འཕྲེང་བའི་མིག་ཆུ་འབྱིན་བཞིན་རྡོ་རྗེ་ནི་ངེད་ནང་མི་ཡོངས་ཀྱི་སྙིང་གི་ནོར་བུ་ཡིན་ཞེས་བཤད།



ཡིན་ན་ཡང་། ཁོང་རྣམས་ཀྱང་མ་སྐྱིད་འཛོམས་ནང་བཞིན་མུན་པའི་ནང་གི་གཟུགས་འཚོལ་ལྟར་གྱུར་ནས་སེམས་གསོ་རེ་བྱེད་པ་ལས་བྱ་ཐབས་བྲལ།

No comments:

འཚོལ་ཞིབ།