Friday, 17 January 2014

གསར་འགོད་པས་རྡོ་རྗེའི་སྐོར་ལ་བསམ་གཞིག ༢༽

འདོན་ཐེངས་དང་པོའི་འཕྲོས།༽
 

རྡོ་རྗེ་སྔར་ནས་མོ་ལ་ཤིན་ཏུ་དགའ་མྱོང་མོད། སྔོན་ཆད་སློབ་ཆུང་གི་སྐབས་སློབ་གྲྭའི་ར་སྐོར་ནང་མཉམ་དུ་ཅུང་ཟད་འགྲོག་རྒྱུའི་གོ་སྐབས་བྱུང་ཡང་། ལོ་ཤས་རྗེས་སུ་མོའི་ནང་ལ་གནོད་རྐྱེན་ཕྲན་བུ་འཕྲད་པས། ཉིན་ཞིག་མོའི་སློབ་གྲྭ་ནས་དགོངས་པ་ཞུས་ཏེ། ལོ་ཤས་རིང་མོ་སློབ་གྲྭར་འགྲོ་བར་ཕྱིར་འགྱངས་བྱུང་བ་རེད།
 




དེ་ནས་བཟུང་མོ་དང་འབྲེལ་འདྲིས་ཀྱི་གོ་སྐབས་རྒྱང་དུ་ཕྱིན་པ་དང་། སེམས་སུའང་གོ་སྐབས་འཆོར་ཟིན་པའི་སྣང་བ་ཤར་ལ། ཁོ་ལ་འདི་འདྲའི་སྟབས་ལེགས་པ་ཞིག་རེད་ཡོང་བསམ་པ་ཡིད་ལ་འཆར་མ་མྱོང་ཞིང་། སྤྲོ་སེམས་ཁོང་དུ་མི་ཆུད་པར། ལུས་ལ་སྔར་དང་མི་འདྲ་བའི་ཚ་དྲོད་ཅིག་རྒྱས་ཤིང་རང་ཐག་སྦད་བཅད་བྱས་ནས་མོ་ལ་རང་ཉིད་འཐད་ཚུལ་གྱི་འཕྲིན་ཡིག་སྟབས་བདེ་ཞིག་བྲིས་ནས་བསྐུར་རོ།།

སླར་ཡང་དྲན་འཛིན་གྱི་རྟ་ཕོ་དེ་རང་གི་ཡིག་འཕྲིན་དང་པདྨ་ལྷ་མཚོའི་ཕྱོགས་སུ་འཁྱམས། ལྷག་དོན་དུ་མོ་ནི་ལོ་ན་གཞོན་ཞིང་མཚར་སྡུག་ལྡན་པའི་མཛེས་མ་ཞིག་ཡིན་ལ། གང་ལྟར་མོས་ང་ལ་ཡི་གེ་འདི་འདྲ་ཞིག་བསྐུར་བ་དངོས་ཡོད་ཨེ་ཡིན་ནམ་བསམ་པ་ཡིད་ལ་འཆར།

ཁྱད་པར་དུ་དུས་རབས་རྙིང་པའི་ཁུག་སོ་ལས་མ་འདས་པའི་བུ་མོ་ཞིག་ཡིན་ཚེ། ཕོ་གསར་ཞིག་ལ་ཡི་གེ་བསྐུར་བ་དང་། ང་ཁྱེད་ལ་དགའ་ཟེར་བའི་གཏམ་ཞིག་མངོན་གྱུར་བྱུང་ན། ངོ་ཚའི་ར་བར་ཚུད་དེ་མི་ཁའི་ཕམ་ཁ་མང་པོ་ཕྲག་ཏུ་འཁུར་དགོས་ངེས་རེད་འདོད།

ད་ལྟའི་དུས་རབས་འདིར་ཕོ་མོའི་ཐོབ་ཐང་འདྲ་མཉམ་གྱི་རྒྱལ་ཁ་དེ་ཁོང་ཚོ་ལ་ཐོབ་འདུག་ཀྱང་། བག་ཆགས་རྙིང་པའི་དྲི་མ་དག་གཙང་བྱེད་མ་ཐུབ་པའི་བུ་མོ་རེ་ཟུང་གིས་རང་ཉིད་རང་གིས་བག་འཁུམས་ཀྱི་གྲོག་རོང་དུ་གཡུག་བཞིན་ཡོད་པ་ཤིན་ཏུ་མང་།

དེའི་དབང་གིས་བུ་མོས་བུ་ལ་འཕྲིན་ཡིག་ཞིག་བསྐུར་རྒྱུ་ཡང་སྟབས་བདེ་མོ་དང་། བློ་ཁོག་གིས་ལྕོགས་པ་ཞིག་མ་རེད་བསམ་པའི་ཚོར་སྣང་དང་། སེམས་གཏིང་ན་བརྗོད་པར་དཀའ་བའི་བརྩེ་དུང་གི་རླབས་རྒྱུན་ཞིག་བར་མེད་དུ་ལྡང་ཞིང་། མོ་ལ་མྱུར་དུ་ཐུག་དགོས་པའི་ཚོར་ཤུགས་ཟབ་མོ་ཞིག་སྐྱེས་ཏེ། མོའི་རྒྱུན་ལྡན་གྱི་ཉམས་སྣང་མི་འདྲ་བ་སོགས་གློག་བརྙན་བཞིན་སེམས་ངོགས་སུ་འཆར།

ཨ་་་། དཀོན་མཆོག་གི་ཐུགས་རྗེ་གཟིགས། གཅིག་བྱས་ན། དངོས་གནས་ལས་དབང་གིས་བཀོད་སྒྲིག་འོག་བསམ་པའི་དོན་ཆེན་དེ་གྲུབ་སོང་བསམ་ཞོར་ཕོ་གཞོན་རྡོ་རྗེ་མདུན་དུ་དལ་བར་ཕྱིན།

དེ་རྗེས་སུ་ཉིན་ཞག་གི་དུས་ཚིགས་རིང་མོ་རིམ་པར་སྐད་ཅིག་སྐད་ཅིག་གིས་འདས་སོང་།

པདྨ་ལྷ་མཚོ་དང་རྡོ་རྗེ་གཉིས་ཀྱི་བརྩེ་དུང་གི་མྱུ་གུ་ཐོག་མ་དེ་འཇིག་རྟེན་འདིར་འཛུགས་ཐུབ་པ་བྱུང་བས་དགའ་སྤྲོའི་ལག་གདངས་གཅིག་ཏུ་སྦྲེལ་ནས་གནས་པ་དང་། ཁོང་གཉིས་ཀྱི་ཕུགས་བསམ་དང་། བརྩེ་དུང་གི་མི་ཚེ་དེ་མཐའ་འཁྱོལ་མིན་གསལ་པོ་ཞིག་སུས་ཀྱང་བཤད་ཚོད་མི་ཐུག་ནའང་། ཡོད་ཚད་མཛེས་སྡུག་དང་བདེ་སྐྱིད་ཀྱིས་ཁེངས་བའི་ཁོར་ཡུག་ཆུང་ཆུང་ཞིག་ཏུ་བཤད་ཆོག་གོ།

ད་དུང་པདྨ་ལྷ་མཚོས་རྡོ་རྗེ་ལ་སྙན་པའི་སྐད་ཆ་དང་། སྒེག་པའི་རྣམ་འགྱུར་གྱིས་རྡོ་རྗེའི་སེམས་པ་ཡོངས་རྫོགས་བཀུག་པ་མ་ཟད། མི་ཚེ་སྐྱིད་སྡུག་ཅི་བྱུང་ཡང་ཁྱེད་དང་འབྲལ་འདོད་མེད་པའི་སྙིང་གཏམ་མང་པོ་བཤད་པས། རྡོ་རྗེ་ལའང་མི་ཚེའི་གཏན་གྲོགས། པདྨ་ལྷ་མཚོ་ལས་མི་དགོས་པའི་ཡིད་ཆེས་ཐོབ།

 དེ་ནས་བཟུང་ཉིན་ཞག་དང་ལོ་ཟླའི་ཕྲེང་བ་མང་པོ་ཞིག་རིམ་པར་འདས་ཡོད་མོད། རྡོ་རྗེ་ལ་མཚོན་ན། དེ་འདྲའི་ལོ་ཟླའི་བརྒྱུད་རིམ་མང་པོ་ཞིག་འདས་པའི་སྣང་བ་ཤར་མི་ཐུབ་ལ། དེ་ནི་ཉིན་ཞག་གཅིག་གི་ཚོར་སྣང་ལས་མེད་ཅེས་བཤད་ནའང་རུང་ངོ་།།

དེ་ལྟར་རྡོ་རྗེ་དང་པདྨ་ལྷ་མཚོ་གཉིས་ཀྱི་དགའ་འོས་པའི་དུས་ཚིགས་མང་པོ་དལ་གྱིས་ཕ་རོལ་དུ་ཆས་ཟིལ་ལ། དོན་སྙིང་ལྡན་པ་དང་། མཛའ་གཅུགས་ཀྱི་སེམས་གཏམ། སྤྲོ་སྣང་འཁོར་བའི་གཏམ་བརྗོད་དེ་བརྩེ་དུང་གི་དགོད་སྒྲ་མང་པོ་འདས་ལམ་དུ་བསྐྱལ་ཞིང་། ཡོད་ཚད་བདེ་སྐྱིད་ལྡན་པའི་མི་ཡུལ་གྱི་དག་ཞིང་ཞིག་གོ།
་་་་་་་་་་མུ་འགོད།

No comments:

འཚོལ་ཞིབ།