Friday, 17 January 2014

གསར་འགོད་པས་རྡོ་རྗེའི་སྐོར་ལ་བསམ་གཞིག།

ཁོ་མོའི་མིང་ལ་ཆོས་སྒྲོན་ཟེར་ཞིང་བོད་ཀྱི་གསར་འགོད་པ་ཞིག་ཡིན། ང་རང་གི་སྐོར་ཀློག་པ་པོ་རྣམས་ལ་ངོ་སྤྲོད་བྱ་དགོས་དོན་མི་འདུག གལ་སྲིད་ཁྱེད་ཀྱིས་ཁོ་མོའི་སྐོར་ཤེས་འདོད་ཡོད་ཚེ་འདིར་བྲིས་པའི་རྡོ་རྗེ་དང་འབྲེལ་བའི་གནས་ཚུལ་ལ་གཟིགས་རྗེས་དེ་དང་ལྷན་དུ་ངའི་ཕ་ཡུལ་དང་། རང་གི་བསམ་གཞིག་དང་ལས་འགན་སོགས་རགས་ཙམ་རྟོགས་ངེས་ཡིན་ནོ།།






སྤྱི་ལོ་་་<༡༩༩༧་་་ཟླ་་་༨་་ཚེས་༡༥་་་་ཉིན་ནི་ནོར་འཛིན་བུ་མོའི་མཁའ་དབྱིངས་སུ་ཤིན་ཏུ་མཛེས་པའི་སྤྲིན་དཀར་གྱི་ཚོམ་བུ་རྣམས་ཕྱོགས་བཞིའི་མཚམས་རྣམས་སུ་
དལ་ཅག་གེར་ཁོ་མོའི་ཕ་ཡུལ་ཁ་བའི་ལྗོངས་ལ་མཎྜལ་ཕུལ་བ་དང་གཉིས་སུ་མེད་པ་ལྟར་གྱུར་འདུག
དེ་ནི་ནམ་ཟླ་སྟོན་གྱི་དཔལ་མོ་འཇིག་རྟེན་ལ་ལྟད་མོར་ཕེབས་ཤིང་བདེ་སྐྱིད་རྫོགས་ལྡན་གསར་པ་གངས་ཅན་སྐྱེ་འགྲོ་ཡོངས་ལ་དུས་སྟོན་དུ་ཤར་བ་ཡིན་ངེས་སོ།།
ཁོ་མོའི་ཕ་ཡུལ་བྲག་དཀར་ལྷ་རྫོང་ནི་གྲོང་ཁྱེར་མཛེས་ཆོས་རྣམ་པར་བཀྲ་བའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། གནའ་དེང་གི་ཤེས་བྱའི་དཔལ་ཡོན་དབྱར་མཚོ་བཞིན་རྒྱས་ཤིང་། མི་སེམས་རབས་ཏུ་འགུག་པ་དང་། ཆོལ་གསུམ་བོད་མི་རྒྱུན་དུ་འཁོར་སའི་འདུས་མདོ་ཞིག་ཀྱང་ཡིན་ལ། ད་དུང་ང་ཚོའི་གྲོང་སྡེ་ལ་གསེར་ཉུལ་གྲང་ཚོ་ཞེས་འབོད་ཅིང་། གྲོང་ཁྱེར་ཆེན་པོ་དེ་གསེར་ཉུལ་གྲོང་ཚོ་དང་ཐག་མི་རིང་ས་ཞིག་ཏུ་ཆགས་ཡོད།
རེད་ད་ལྟ་ཁོ་མོའི་གླེང་གཞི་སྟེ། ཕོ་གཞོན་རྡོ་རྗེ་ཡང་ལང་ཚོའི་མེ་ཏོག་གི་གོང་བུ་ཆུང་ཆུང་གཅིག་ཏུ་གྱུར་ཏེ་ཡུལ་འདིའི་གསེར་ཉུལ་གྲོང་ཚོ་རུ་འཚོ་བར་རོལ་ཏེ་ནར་སོན་པ་ཞིག་དང་། ཁོང་གིས་ཡུལ་ཕྱོགས་འདིའི་གཞུང་གི་ཡིག་སྐྱེལ་གྱི་ལས་ཀ་ཕྲན་བུ་ཞིག་ཀྱང་གཉེར་བཞིན་ཡོད།
༼་་་་་འོན་ཀྱང་འཇིག་རྟེན་གྱི་འཚོ་བ་ནི་བདེ་སྡུག་གི་མི་ཁྱུད་རྣལ་མ་ཞིག་ཡིན་ཕྱིར་ངེས་གཏན་དང་ཆ་འཇོག་མེད་པར་རང་རང་གི་ལམ་བུ་གཅིག་གྱུར་ཏུ་འགྲོ་བ་དང་མི་འགྲོ་བ་དུ་མ་ཞིག་འབྱུང་ངེས་པས་ན། རྡོ་རྗེའི་ལམ་བུ་དེ་ཡང་གང་ཞིག་ཏུ་སྐྱོག་འགྲོ་ཆ་མི་འཚལ་བར་སེམས་དགོས་སོ་་་༽
ཕལ་ཆེར་བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་ཞིག་ཡིན་ཚོད་རེད། གསེར་ཉུལ་གྲོང་ཚོའི་བོད་མི་དད་ཅན་རྣམས་གྲོང་མདོའི་མཆོད་རྟེན་མཐའ་འཁོར་དུ་སྐོར་བ་ལ་བྲེལ་བཞིན་འདུག་པ་མ་ཟད། རྗོ་རྗེ་རང་ཉིད་ཡང་ལས་ཁུངས་སུ་འགྲོ་རྒྱུ་ཅུང་ཟད་འགྱང་དྲགས་འདུག་པས་བྲེལ་བའི་ངང་ནས་ལྕགས་རྟ་ལ་གཞོན་ཏེ་ལས་ཁུངས་སུ་ཕྱིན།
སྐབས་དེར་སྦྲག་ཁང་ལས་བྱེད་པ་དག་གིས་ཕྱོགས་སོ་སོ་ནས་འབྱོར་བའི་ཡི་གེ་རྣམས་གྲོང་སྡེ་རང་རང་གི་ལུང་ཚན་ལྟར་ཕན་ཚུན་དབྱེ་འབྱེད་བྱེད་བཞིན་འདུག རྡོ་རྗེ་རང་ཉིད་ཅུང་ཟད་རྗེས་ལུས་ཐེབས་འདུག་པས་དགོངས་དག་ཞུ་བཞིན་ནང་དུ་འཛུས་པ་ན། རྡོ་རྗེའི་ལས་རོགས་ཚེ་རིང་དར་རྒྱས་ཀྱིས་ཐད་གར་གདོང་ལ་ཡ་མཚན་པའི་རྣམ་འགྱུར་དང་བཅས། རྡོ་རྗེ་ཁྱེད་ལའང་ཡི་གེ་ཞིག་འབྱོར་འདུག་ཅེས་ཡི་གེ་ཞིག་ཁོའི་ལག་ཏུ་བཞག་ནས། དོགས་པ་ཞིག་ཡོད་མདོག་གིས་འཛུམ་ཞིག་བསྟན་ནས་ཕྱིན།
ཁོས་སུ་ཞིག་གི་སྐུར་ཡོངས་བ་ཡིན་ནམ་སྙམ་སྟེ། ལམ་སང་ཡིག་ཤུབས་ལ་གཟབ་ལྟ་ཞིག་བྱས་པ་དང་། ཡི་གེ་དེ་འདི་གའི་ས་གནས་ཤིག་ལས་ཐག་རིང་པོ་ནས་མ་ཡིན་པ་ཤེས། ཁ་བྱང་དུ་རྡོ་རྗེ་ཞེས་པའི་མིང་དང་། གྲོང་སྡེ། ཁང་པའི་ཨང་རྟགས་བཅས་གསལ་པོར་འཁོད་འདུག་པ་མ་ཟད། རྡོ་རྗེ་ལ་ངེས་འབུལ་ཡོད་པར་ཞུ། ཞེས་བྲིས་པ་ལ་གཞིག་ཚེ་གལ་ཆེན་ཞིག་ཀྱང་ཡིན་ཟོལ་འདུག
ཡིན་ན་ཡང་། ཁོང་ཚོའི་མདུན་དུ་འཕྲིན་ཡིག་དེ་མ་བཀླགས་པར་ཨམ་ཕྲག་ཏུ་བཅུག་ནས་རྡོ་རྗེ་ཡིག་སྐྱེལ་དུ་ཕྱིན་པ་དང་། ལས་ཁུངས་ནས་རྒྱང་ཐག་རིང་ཙམ་ལ་ཐོན་རྗེས་ད་གཟོད་ཨ་ཕྲག་ལས་ཡི་གེ་བཏོན་ཏེ། ཡིག་ཤུབས་ཀྱི་ཁ་དབྲལ་ནས་ལྟ་སྐབས། ཡི་གེ་དེ་ལ་ལྟེབ་ལུགས་ཀྱང་མི་འདྲ་བ་སྣ་ཚོགས་ཤིག་བྱས་འདུག་པས། ལམ་སང་ཡི་གེ་དེའི་ལྟེབ་བཤིགས་པ་ན། འདི་ལྟར་བྲིས་འདུག
༈་་བརྩེ་བའི་རྡོ་རྗེ་ལགས་ལ་གུས་མོ་པདྨ་ལྷ་མཚོ་ནས་ཞུ་འབྲས་ནི། དེ་ཡང་ལོ་ངོ་འདི་དག་གི་བར་དུ་ཁོ་མོས་ཁྱེད་རྒྱུན་དུ་བཙལ་ཅིང་ཁྱེད་ལ་དུང་།
རེད་དེ།       ང་ཚོའི་འཚོ་བའི་ཁ་ཕྱོགས་ཅུང་ཟད་རྒྱང་རིང་བའི་དབང་གིས་ཕན་ཚུན་ཐུག་འཕྲན་ཧ་ཅང་འབེན་སྟབས། གུས་མོར་སེམས་ཕམ་ཡོད་པ་མ་ཟད།    ང་ཁྱེད་དང་མཉམ་དུ་འགྲོག་རྒྱུའི་གོ་སྐབས་ཐེངས་མང་བཙལ་ཀྱང་སྟབས་ལེགས་པོ་ཞིག་གཏན་ནས་མ་ཐོབ།
འོོན་ཀྱང་རྡོ་རྗེ་ལགས། ཁྱེད་ཀྱི་ཁོ་མོའི་ཡིག་འཕྲིན་འདི་འབྱོར་བ་དང་། ཉིད་ལ་འདོད་པ་ཡོད་མེད་ཀྱི་ཡིག་ལན་ཞིག་ཅིས་ཀྱང་ཡོད་པར་ཞུ་ཞུ།
གུས་མོ་པདྨ་ལྷ་མཚོ་ནས་ཟླ་ཚེས་ལ་ཕུལ།
འཕྲིན་ཡིག་ནི་དེ་འདྲའི་སྟབས་བདེ་ཞིག་བྲིས་འདུག རྡོ་རྗེ་དགའ་དྲགས་པས་ལུས་ཡོངས་ལ་སྤྲོ་སྣང་གིས་ཁྱབ་ཅིང་། ཨེ་་་་། དངོས་གནས་དེ་འདྲ་ཡིན་ནམ། ད་ཇི་ལྟར་བྱས་ན་འགྲིག་གམ། འཕྲིན་ཡིག་ལག་ཏུ་བཟུང་ནས་བསམ་བློ་མི་འདྲ་བཅོ་བརྒྱད་བཏངས་ནས་དེ་ལྟར་ཡིད་ཙམ་ལུས་སོ།།

 མུ་འགོད་་་་་་་་་་་་་་་་་་།

No comments:

འཚོལ་ཞིབ།