Friday, 17 January 2014

ཀ་ཁའི་གླུ་ཆུང་།༽


 ༡༽
ཀ་ཁ་ག་ངའི་བདག་པོ་མིང་སྲིང་ཚོ།།
 ཅ་ཅོས་འུར་ཟིང་ཁོ་ནའི་ཁེ་དཔོག་དོན།།
 ཆ་ལུགས་གཞན་དང་བརྗེས་ནས་མི་འདུག་པར།།
ཇ་ཡུན་ཙམ་མིན་རྒྱུན་དུ་རིག་གཞུང་སྐྱོངས།།
༢༽
 ཉ་སོགས་དུད་འགྲོ་གསོད་པའི་ཤན་པ་ཚོ།།
 ཏ་ཐ་ག་ཏའི་བསྟན་ལ་མ་དད་རུང་།།
 ད་ལྟའི་མི་ཆོས་སློབ་གསོ་མི་འདོར་བར།།
 ན་རྒས་ཀུན་ལ་ཡོད་པས་བག་ཡོད་བྱོས།།



 ༣༽
 པ་ཕ་མེས་པོའི་ཤུལ་གྱི་ན་གཞོན་ཚོ།།
 བ་གམ་ཁང་པར་སྐྱིད་ཉལ་མི་གཙོ་བའི།།
 མ་ལོའི་བཀའ་དྲིན་སྣང་མེད་མི་འཇོག་པར།།
 ཙ་རི་གནས་ལས་ལྷག་པའི་ཕ་ཤུལ་ཟུངས།།
༤༽
 ཚ་གྲང་དུས་བཞིའི་ཁྲོད་ཀྱི་མིང་སྲིང་ཚོ།།
 ཛ་ལང་སྤྱོད་ངན་གསར་འགྲོག་མི་ཆེ་བར།།
 ཝ་ལེར་ལམ་བཟང་སྟོན་པའི་མཁན་པོ་ལ།།
 ཞྭ་མོ་ཕུད་ནས་གུས་ལུགས་ཤེས་པར་མཛོད།།
 ༥༽
 ཟ་འོག་དར་གོས་ཁུག་གི་སྐུ་ངོ་ཚོ།།
 འ་ཅག་བོད་ཀྱི་གནས་སྟངས་ཛ་དྲག་ནང་།།
 ར་རིའི་བློ་སེམས་སྒོར་ལ་མི་གཡེང་བར།།
 ལ་རྒྱའི་སྙིང་སྟོབས་བསྐྱེད་པའི་དམ་བཅའ་ཞོག།
༦༽
་ཁྲག་རུས་གསུམ་གཅིག་པའི་བོད་པ་ཚོ།།
ས་འབུ་ང་ཚོའི་ལོ་རྒྱུས་སྐྱུར་མོ་འདི།།
ཧ་མི་གོ་མདོག་སྤྲེལ་ལད་མི་འཁྲབས་པར།།
ཨ་ཕོའི་རྣམ་དཔྱོད་རང་རེའི་ཆེད་དུ་རྡོར།།

ཧོར་བྷ། དཀོན་མཆོག་དར་རྒྱས་ནས་(སེམས་སོང་)ཁ་པར་ངོས་སུ་ཕྱི་ལོ་༢༠༡༣ལོའི་ཟླ་༡༠པའི་ཚེས་༢༥ཉིན་གྱི་དགོངས་མོར་རྣམ་གླིང་གྲྭ་ཚང་རང་ཤག་ཏུ་བྲིས།

No comments:

འཚོལ་ཞིབ།