Friday, 15 August 2014

མ་སྒོམ་འཕྲུལ་གྱི་ཞལ་སྐྱིན།


ལྷོ་མཐའི་ནགས་ཚལ་སྟུག་པོའི་གྲུ་ངོགས་ཤིག་ན།།
མི་རྐྱང་ཚེ་མཐའ་ཆོས་ཀྱིས་སྣང་བས་བྲིད་དེ།།
གོམ་ཁ་རི་ལ་གཏད་པའི་ལམ་སྣེ་ཞིག་ནས།།
ཟ་ཟེད་གཡེང་བའི་སྟོང་པས་གནས་ཤིག་རྙེད་བྱུང་།།
 ༢༽
མི་མེད་དབེན་པའི་རི་འདབ་བྲག་སྐྱིབས་དེ་ན།།
 འཇིག་རྟེན་སྣང་བ་རྫུན་པའི་བློ་ལ་བཅོལ་ཏེ།།
 བདེན་དོན་སྙིང་ལ་སྒོམ་པའི་ཐུན་མཚམས་བར་ནས།།
 མ་བསྒོམས་འཕྲུལ་གྱི་ཞལ་སྐྱིན་འོད་དུ་འཚེར་བྱུང་།།
 ༣༽
ཉི་མའི་དཀྱིལ་འཁོར་རྒྱལ་ཕུབ་རྩེ་ནས་ཡལ་སོང་།།
མི་རྟག་འདུ་འབྲལ་སྣང་བའི་བརྡ་རྟགས་ཐོན་འདུག།
 དད་པའི་རྡོག་ཁྲིས་མཆོད་རྟེན་མཐའ་ནས་འཁོར་ཡང་།།
 སེམས་ཀྱི་ཨ་ལོང་མཛེས་མའི་སྒེག་གྱིས་འཐེན་བྱུང་།།
 ༤༽
སེམས་ཀྱི་རྒྱུ་བ་འདུ་འཛི་སྟོང་གིས་གཟིར་ཞིང་།།
 བཙུན་པའི་འདུན་མ་སྟོང་བསམ་མཁའ་ལ་ཐིམ་སོང་།།
 ཆོས་པའི་རང་ཚུགས་སྲ་མོ་བྲག་རི་འདྲ་ཡང་།།
 སྣང་བ་སྒེག་མོའི་བསླུ་བྲིད་ཐོག་བཞིན་བཙན་གི།
 ༥༽
ཟབ་གསང་ཆོས་ཀྱི་ཤེས་རབ་མཐའ་རྒྱ་མ་ཆོད།།
 སྣང་བ་དབྱིངས་ལ་ཐིམ་པའི་གནས་ལུགས་མ་བརྙེད།།
 བདེན་རྫུན་དབྱེ་བ་འབྱེད་པའི་དཔྱོད་ཤེས་བོར་སོང་།།
 རྣམ་ཤེས་དྲི་རྟགས་ཁྲོད་ནས་རྒས་པོ་ཆགས་སོང་།།
 ༦༽
སྨྱུག་གུ་ཤོག་ངོས་བརླགས་པའི་ཆས་སུ་གྲུབ་ཀྱང་།།
 རང་སྣང་རྗེན་པར་བརྗོད་པའི་འདུ་ཤེས་བཙན་པོ།།
 དབང་མེད་ཐོད་ལ་བསྐོས་པའི་ལས་དབང་ཇི་བཞིན།།
 མི་ཡི་མདུན་ནས་བགྲེང་སྟེ་ཐོལ་གྱིས་ཤོར་སོང་།།


 ཧོར་བྷ་༢༠༡༤་༢་༢༦ཉིན་བྲིས།

མི་རྐྱང་གཤིན་ཡུལ་འགྲིམ་པའི་སྔོན་བརྡ།

༢༽
རྒས་པའི་རི་མོ་ཐོད་པའི་སྟེང་དུ་དོད།།
རྒུད་པའི་མཚན་མ་ལུས་ཀྱི་ལྷུ་རུ་ཆགས།།
ཉམ་པའི་བརྡ་རྟགས་སེམས་ཀྱི་གཤིས་སུ་ལྷུང་།།
མི་རྐྱང་གཤིན་ཡུལ་འགྲིམ་པའི་སྔོན་བརྡ་འབྱོར།།
༢༽
གནག་སྣུམ་སྐྲ་ལོའི་འདབ་ན་དཀར་འོད་འཚེར།།
མཛེས་པའི་གདོང་ལ་མ་བསྡུས་གཉེར་མ་འདུས།།
གོམ་པའི་རྡོག་སྣེ་དབང་མེད་གཅིག་ཏུ་དལ།།
མི་རྐྱང་གཤིན་ཡུལ་འགྲིམ་པའི་སྔོན་བརྡ་འབྱོར།།
༣༽
སྨྲ་བའི་ངག་ལ་རྙིང་པའི་འདར་ཆ་ཙེར།།
དམའ་མོའི་སྐད་བརྡ་རྣ་བའི་ཕྱི་རུ་ཡལ།།
ཞིམ་པོའི་ཟས་མཆོག་ལྟོ་བར་འཇུ་མི་ནུས།།
མི་རྐྱང་གཤིན་ཡུལ་འགྲིམ་པའི་སྔོན་བརྡ་འབྱོར།།
༤༽
སྤུན་ཉེ་གྲོགས་ཀྱིས་ནུས་མེད་གྲལ་དུ་འཇོག།
ཕུང་པོའི་ཁམས་སུ་ན་ཟིག་གྲངས་མང་ལྡང་།།
འདས་པའི་སྣང་བ་རྨི་ལམ་ཚིགས་སུ་ཟློ།།
མི་རྐྱང་གཤིན་ཡུལ་འགྲིམ་པའི་སྔོན་བརྡ་འབྱོར།།














ཧོར་བྷས་༢༠༡༤//༡༤ ལ་བྲིས།

Thursday, 14 August 2014

རྒྱ་གར་གྱི་རང་བཙན་ཉིན་མོ་སྲུང་བརྩི།

འཛམ་གླིང་ནང་རིག་གཞུང་གི་བང་མཛོད་དང་། ཞི་བདེའི་ལམ་མཁན་གྱི་ཕ་ཡུལ། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་སའི་གནས་མཆོག ཁ་བའི་ལྗོངས་སུ་འཕགས་པའི་ཡུལ་ཞེས་སྙན་པའི་གྲགས་པ་ཕྱོགས་གང་སར་ཁྱབ་མྱོང་བའི་རྒྱ་གར་ལ་མཚོན་ན། དེ་རིང་ནི་དགའ་སྤྲོ་ཤིན་ཏུ་འཕེལ་འོས་པའི་དུས་བཟང་ཞིག་སྟེ། རང་བཙན་ཐོབ་ནས་མི་ལོ་༦༧ སོན་པའི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན། དེ་ཡང་དུས་རབས་༡༩ པ་ཙམ་ནས་ཕྱི་ལོ་༡༩༤༧ བར་མི་ལོ་༢༠༠ ལྷག་ཏུ་འབྱིན་ཇི་གོང་མ་རྒྱ་གར་ནང་བཙན་འཛུལ་བྱས་ཤིང་། གནའ་བོའི་བོད་ཀྱི་ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་བ་རྣམས་དབྱིན་ཇིའི་འོག་མི་ལོ་ཉིས་བརྒྱ་ལྷག་ཅིག་གནས་དགོས་བྱུང་ན་ཡང་། རླབས་ཆེན་གྱི་དབུ་ཁྲིད་རྣམས་དང་དཔའ་ངར་ལྡན་པའི་མི་མང་ཚོས་དཀའ་བ་བརྒྱ་ཕྲག་སྤྱད་པའི་མཐར་དངོས་སུ་ཕྱི་ལོ་༡༩༤༧ ལོའི་ཟླ་༨ པའི་ཚེས་༡༥ ཉིན་རྒྱ་གར་ལ་རང་བཙན་ཐོབ་པ་ཡིན་ལ། དུས་བཟང་དེ་རྒྱ་གར་བ་ལ་མཚོན་ན་རང་གི་མི་རིགས་དང་རྒྱལ་ཁབ་རང་ལག་ཏུ་སོན་ནས་དགའ་སྐྱིད་སྤྲོ་གསུམ་གྱིས་ཁེངས་བའི་ཉིན་མོ་ཞིག་རེད། དེ་ལྟར་དེ་རིང་ཡང་ཕྱི་ལོ་༢༠༡༤ ལོའི་ཟླ་༨ ཚེས་༡༥ ཉིན་སྐྱར་དུ་དུས་བཟང་དེ་རྗེས་དྲན་བྱེད་པའི་བསྐལ་བཟང་གི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན་པས། སྙིང་ནས་ཁོང་ཅག་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་དོ།། ཧོར་བྷས་༢༠༡༤་༨་༡༥ཉིན།

Monday, 11 August 2014

གླིང་བྲོ་བདེ་ཆེན་རོལ་མོ

ཀུན་མཁྱེན་མི་ཕམ་རྒྱས་མཚོས་མཛད་པ། རྟེན་འབྲེལ་དང་དགོས་དབང་ཁྱད་པར་ཅན་ལ་བརྟེན་ནས་དགའ་སྟོན་ལྟད་མོ་ལ་རོལ་བའི་བྲོ་གར་གྱི་འཁྲབས་ཚན་ཁག་ཅིག་སྟེ། དང་པོ་བྱིན་འབེབས་ཀྱི་བྲོ་དང་། གཉིས་པ་མཆོད་ཅིང་བསྟོད་པའི་གླུ་བྲོ། གསུམ་པ་སྣ་ཚོགས་འཕྲིན་ལས་ཀྱི་བྲོ། བཞི་པ་བཀྲ་ཤིས་དབྱངས་སྙན་གྱི་བྲོ་དང་བཞི་འོ།། དེ་ལྟ་བུའི་གླུ་བྲོ་འདི། བོད་ཁམས་མཐའ་དབུས་མེད་པར་ཁྱབ་བརྡལ་དུ་དར་ཞིང་འཁྲབ་ཐུབ་པ་བྱུང་ན།   ཡུལ་གངས་ཅན་དུ་བཀྲ་ཤིས་པ་རྟག་ཏུ་འཕེལ་ཞིང་འཛམ་གླིང་ཀུན་ཏུ་ནད་མུག་འཁྲུག་རྩོད་ཀྱི་བསྐལ་པ་ངན་པ་རྣམས་རྒྱུན་ཆད་པར་འགྱུར་བ་སོགས་བྱིན་རླབས་ཤིན་ཏུ་ཆེ་བའི་གསུངས་པའི་བྲོ་གར་ཞིག་ཡིན།

Sunday, 10 August 2014

མིང་སྲིང་རྫུན་སྒྲིག་གི་རཱ་ཁེའི་ཉིན་མོ།


རཱ་ཁེ་ཉིན་མོ་ཟེར་བ་འདི་ནི་རྒྱ་གར་གྱི་ཧིན་དྷི་བའི་གནང་བོའི་དུས་ནས་བྱུང་བའི་ཡུལ་སྲོལ་ཞིག་ཡིན། ཡུལ་འདིའི་མང་ཚོགས་ཀྱིས་བཤད་སྲོལ་ལྟར་ན་གནའ་བོའི་དུས་རབས་ཤིག་ཏུ་ཧིན་དྷི་བའི་རྒྱལ་ཁབ་ནང་རྒྱལ་པོ་སྟོབས་འབྱོར་མངའ་ཐང་ཅུང་ཟད་ཆེ་བའི་རྒྱལ་པོ་ཆེན་པོ་ཞིག་བྱུང་བ་དང་རིང་པོ་མ་འགོར་བར་རྒྱལ་པོ་བཀྲོངས། དེ་ནས་རྒྱལ་པོ་དེའི་རྒྱལ་སར་རྒྱལ་མོ་ཞིག་རྒྱལ་ཚབ་ཏུ་བསྐོས། འོན་ཀྱང་ཡུན་རིང་མ་འགོར་བར་རྒྱལ་ཕྲན་གཞན་གྱིས་རྒྱལ་མོ་དེ་ལ་ཐུབ་ཚོད་བཏང་བ་མ་ཟད་རྒྱལ་སའང་འཕྲོག་གྲབས་བྱས་པས། སྐབས་དེར་རྒྱལ་མོས་རྒྱལ་ས་འཆོལ་བར་དོགས་ནས་རྒྱལ་པོ་གཞན་ཞིག་དང་འབྲེལ་བ་བྱས་ཤིང་དེ་དང་མཉམ་དུ་སྤུན་མཆེད་སྒྲིག་སྟེ། རྒྱལ་པོ་གཞན་དང་མཉམ་དུ་མིང་སྲིང་དངོས་དང་འདྲ་བའི་དམ་བཅའ་བཞགས་པ་ཡིན་ནོ།།

དེ་ནས་རྒྱལ་མོས་མིང་པོ་རྫུན་མ་དེས་རྒྱལ་ཁབ་གཞན་གྱི་བར་ལ་དམག་འཁྲུག་དང་གཡུལ་འགྱེད་ཚད་མེད་བྱས་ཤིང་རྒྱལ་མོ་ལ་ལྷག་བསམ་རྣམ་དག་གིས་རོགས་པ་བྱས། ཕ་རོལ་འགྲན་ཡ་རྒྱལ་ཕྲན་གཞན་དེ་ཧ་ཅང་གི་དཔུང་འཐུག་པ་དང་། འགྲན་མི་བཟོད་པར་ཡོད་ཀྱང་། རྒྱལ་མོ་དང་རྒྱལ་པོ་གཉིས་མི་སྲིང་སྒྲིག་པའི་དམ་ཚིག་ལ་འགྱུར་བ་མེད་པར་ཕན་ཚུན་མིང་སྲིང་དངོས་དང་འདྲ་བར་གཅིག་རོགས་གཅིག་གིས་བྱས་ཏེ་གནས་སོ།།

Saturday, 9 August 2014

འབྱུང་འཁྲུག་གླུ་ཆུང་།

༡༽མེ།
བརྩེ་དུང་དམར་པོའི་མེ་རྟགས་ཡར་ཐེངས་གཅིག་གིས།།
མི་སེམས་ཆུང་ཆུང་འབྱུང་བ་མེ་ཡིས་ཚིག་ཏེ།།
སྟག་ཤར་གཞོན་པ་ཉིན་མཚན་སྡོད་མི་བཟོད་པར།།
སྲིང་ལམ་ཡན་ཆད་མི་ཚོགས་འུར་ལ་བསྒྱུར་སོང་།།
༢༽ཆུ།
ཤིན་ཏུ་མཛེས་པའི་བུ་མོ་ཆུ་མིག་མཚོ་མོ།།
སྟག་ཤར་གཞན་གྱི་མཚོ་རླབས་འཆིར་འགྲོས་ཤིག་གིས།།
མཚོ་མོ་མིང་ཅན་ཆུ་ཐོག་ཆུ་ལ་བཞག་འདྲར།།
དབང་མེད་གཞན་གྱིས་བསླུས་ཏེ་མངོན་མེད་གྱུར་འདུག།
༣༽ས།
མི་རྐྱང་འཁྱམ་པོ་ཁང་ཤུལ་གྱང་ཧྲིལ་འདྲ་དེ།།
ཉིན་ཞག་དུ་མར་འགུལ་མེད་ཀྲོང་ངེར་ལུས་ཤིང་།།
བཟོད་མེད་སྡུག་གི་མུན་པ་ཐེགས་མེད་ཁུར་ནས།།
རྒྱུས་མེད་ཡུལ་དུ་སྲ་འཐས་ས་དང་འདྲེས་སོང་།།
༤༽རླུང་།
བུ་མོ་མཚོ་མོའི་དེང་རབས་གཚོ་བ་གསར་པ།།
སྤྲོ་སྐྱིད་ལྡན་པའི་ལྷོད་གཡེང་མཚོ་ལྟར་འཁྱིལ་ཡང་།།
བུ་ཆུང་རྡོ་རྗེའི་རྣམ་ཤེས་རླུང་དང་འགྲོག་ཏེ།།
ངེས་མེད་ཡུལ་ལ་དལ་གྱིས་འདུར་དགོས་བྱུང་སོང་།།
འདོན་སྤེལ།: ༢༠༡༡/༠༣/༢༨ ཉིན།
 
འདོན་སྤེལ།: ༢༠༡༡/༠༣/༢༨ ཉིན།

Thursday, 7 August 2014

ཐག་རིང་ལ་འགྲོ།

༡༽
སྒེར་འཁོར་ཆུང་ཆུང་འདི་ཞོན་ནས།་།
སྣུམ་ལམ་རིང་མོ་འདི་བརྒྱུད་ནས།་།
ས་ཆ་ལེབ་མོ་འདི་བརྒལ་ནས།་།
ཐག་རིང་ཐག་རིང་ཞིག་ལ་བཞུད་འགྲོ།།
༢༽
ས་ནག་འདི་ཐག་རིང་རེད།་།
ས་ཆ་འདི་རྒྱུས་མེད་རེད།་།
ལམ་བུ་འདི་མཐའ་མེད་རེད།་།
ཐག་རིང་ཐག་རིང་ཞིག་ལ་བུད་འགྲོ།་།
༣༽
ནམ་མཁའ་ལ་སྤྲིན་པ་འཁྲིགས་བྱུང་།་།
ཆར་ཞོད་ཀྱིས་སྟོད་ནས་བརྡུང་བྱུང་།་།
ནུབ་ངོས་ནས་འཐོར་རླུང་གཡོས་བྱུང་།་།
ཐག་རིང་ཐག་རིང་ཞིག་ལ་ཐོན་འགྲོ།་།
༤༽
ཉི་མ་ནི་ཁྱིམ་དུ་ལོག་སོང་།།
མུན་ནག་གིས་ས་གཞི་གཡོགས་སོང་།།
སེམས་ཅན་ཚོ་འཇའ་ལྟར་ཡལ་སོང་།།
ཐག་རང་ཐག་རིང་ཞིག་ལ་སླེབས་འགྲོ།།







་་་ཧོར་བྷས་་་༡༤་༧་༢༩ཉིན

Wednesday, 6 August 2014

རྨི་ལམ་གྱི་འཇིག་རྟེན།










༡༽
ཐུན་གཅིག་རྨི་ལམ་ལས་གློ་བུར་འཕྲད་པའི།།
ལས་དབང་ལྷ་མོ་ལ་སྙིང་གཏམ་མ་བཤད།།
སེམས་གཏམ་རྡོལ་ཚད་ཀྱིས་ལེགས་སྐྱེས་མི་ཡོང་།།
གཟུགས་མེད་ལྷ་མོ་དེ་འཇའ་ལྟར་ཡལ་འགྲོ།།

༢༽
ཚུར་ལ་མི་འཁོར་བའི་ལས་དབང་དམར་པོ།།
ཚིག་སྣེ་ལྡབ་ལྡིབ་ཀྱིས་ཡིད་འགུལ་མི་ཐེབས།།
རྫུན་གཏམ་བཤད་པ་ལ་བྱང་ཆ་མེད་ན།།
རང་སེམས་ཆུང་ཆུང་དེ་བསླུ་བྲིད་ཐེབས་ཡོང་།།


འཚོལ་ཞིབ།